བཀྲིས་ཆོས་རྫོང་། Ι Tashichho Dzong
ངོ་སྤྲོད།
ཞུན་དགཐིམ་ཕུག་བཀྲིས་ཆོས་རྫོང་འདི་འགོ་ཐོག་དང་པ་ འབྲུག་པ་བཀའ་བརྒྱུད་ཀྱི་ཡན་ལག་ འབྲི་གུང་བཀའ་བརྒྱུད་སྲོལ་གཏོད་མཛད་མི་ རྒྱལ་བ་ལྷ་སྣང་པ་རིན་ཆེན་རྒྱལ་པོ་ཟེར་མི་འདི་གིས་ སྤྱི་ལོ་ ༡༢༡༦ ལུ་ ད་ལྟོ་བདེ་ཆེན་ཕོ་བྲང་གྲྭ་ཚང་ཡོད་ས་ལུ་བཞེངས་གནང་སྟེ་ རྫོང་འདི་གི་མིང་ཡང་ རྡོ་སྔོན་རྫོང་ཟེར་བཏགས་གནང་ནུག། ཨིན་རུང་ གུ་རུ་རིན་པོ་ཆེ་གིས་ལུང་བསྟན་གནང་ཡོདཔ་བཞིན་དུ་ བོད་ར་ལུང་ལས་ བླམ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་པར་རྒྱལ་བའི་སྡེ་མཆོག་ ལྷོ་མཱོན་ཁ་བཞི་གི་རྒྱལ་ཁབ་ལུ་ ཆོས་སྐྱོང་ཡེ་ཤེས་མགོན་པོ་དང་ དཔལ་ལྡན་ལྷ་མོ་གཉིས་ཀྱིས་ མནལ་ལམ་དང་ཉམས་སྣང་ཐོག་ལས་ལམ་སྣ་མཛད་དེ་ ལྷོ་མཱོན་གྱི་རྒྱལ་ཁབ་ནང་ལུ་ཕེབས་པའི་ཤུལ་ལས་ རྒྱལ་ཁབ་འདི་ ཁོ་རའི་གདུལ་ཞིང་སྦེ་ བདག་གིར་བཞེས་ཚར་བའི་ཤུལ་ལུ་ ལྷོ་མཱོན་ཁ་བཞི་འདི་འབྲུག་ཟེར་བའི་རྒྱལ་ཁབ་ལུ་ བསྒྱུར་གནང་སྟེ་ ལྷ་དང་བླ་མའི་ལུང་བསྟན་བཞིན་དུ་ འབྲུག་རྒྱལ་ཁབ་ལུ་ངེས་པར་དུ་ཉེ་བར་མཁོ་བའི་རྫོང་གཞི་ཁག་མ་འདྲཝ་ལེ་ཤ་བཞེངས་གནང་ནུག།
རྫོང་གཞི་བཙུགས་དང་རྫོང་གི་མིང་།
ཞུན་དགདེ་ལས་སྤྱི་ལོ་ ༡༦༤༡ ལུ་རྫོང་འདི་བླམ་ལྷ་སྣང་པ་གི་བརྒྱུད་པ་གཅིག་གིས་ བླམ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ལུ་ཕུལ་མི་འདི་ ཞབས་དྲུང་རིན་པོ་ཆེ་གིས་གསར་བཞེངས་མཛད་དེ་ བཀྲིས་རབ་གནས་མཛད་ཞིན་ན་ རྫོང་འདི་གི་མིང་ཡང་ བཀྲིས་ཆོས་རྫོང་ཟེར་བཏགས་ཏེ་ དེ་བསྒང་གི་ལྷོ་ཕྱོགས་ འབྲུག་པ་བཀའ་བརྒྱུད་པ་ཚུ་གི་གདན་ས་གཙོ་བོ་ཅིག་སྦེ་མཛད་ཡོདཔ་དང་ བླམ་ཞབས་དྲུང་ཁོ་ར་གིས་གཙོས་པའི་གཞུང་གྲྭ་ཚང་གི་ གནམ་བྱཱར་གྱི་བཞུགས་གནས་སྦེ་མཛད་གནང་ནུག།
དེ་ཡང་རྫོང་འདི་འགོ་དང་པ་སྤྱི་ལོ་ ༡༧༧༢ ལུ་མེ་གིས་རྩ་བ་ལས་ར་ཚིགས་ཏེ་མེདཔ་བཏང་ནུག། ཨིན་རུང་ཡང་ རྫོང་གཞི་འདི་ལོག་ས་གོ་ཁ་ར་ སྡེ་སྲིད་བཅུ་དྲུག་པ་ བསོད་ནམས་ལྷུན་གྲུབ་ཀྱིས་གསར་བཞེངས་མཛད་ཞིན་ན་ བཀྲིས་རབ་གནས་ཡང་རྗེ་མཁན་ཁྲི་རབས་བཅུ་གསུམ་པ་ རྗེ་ཡོན་ཏན་མཐའ་ཡས་ཀྱིས་མཛད་གནང་སྟེ་ རྫོང་འདི་གི་མིང་ཡང་ བསོད་ནམས་ཆོས་རྫོང་ཟེར་བཏགས་གནང་ནུག། བྱུང་རབས་ཀྱི་ལོ་རྒྱུས་ལྟར་དུ་འབད་བ་ཅིན་ རྫོང་འདི་མེ་མཆོད་ཚར་གསུམ་བཞེས་ཡོད་པ་གིས་མ་དོ་བར་ ས་གཡོམ་གྱིས་ཡང་ ཚར་ལེ་ཤ་མེདཔ་བཏང་ཡོད་རུང་ རང་ར་སོ་སོའི་བསོད་ནམས་ཀྱི་དུས་སྐབས་དང་འཁྲིལ་ཏེ་བྱོན་མི་ ཁྲི་ཐོག་ལུ་བཞུགས་མི་ སྡེ་སྲིད་དང་ཆོས་ཀྱི་དབུ་ཁྲིད་རྗེ་མཁན་རིམས་བྱོན་ཚུ་གིས་ ཕྱག་འགན་གཙོ་བོར་བཟུང་སྟེ་ གསར་བཞེངས་མཛད་ཚར་བའི་ཤུལ་ལུ་ རྫོང་འདི་འབྱུང་བ་བཞི་གིས་གནོད་སྐྱོན་ལས་སྲུང་སྐྱོབ་འབད་དེ་ ཡུན་རིངམོ་གནས་ཐབས་ལུ་ རབ་གནས་མཛད་གནང་ནུག།
རྒྱལ་ས་ལྟེ་བ་སྤོ་བཤུད།
ཞུན་དགབསྤྱི་ལོ་ ༡༩༦༢ ལུ་འབྲུག་གི་རྒྱལ་ས་ལྟེ་བ་འདི་སྤུངས་ཐང་བདེ་ཆེན་ཕོ་བྲང་ལས་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་ལུ་སྤོ་བཤུད་མཛད་དེ་ གཞུང་གི་ཕྱག་ལཱ་མཛད་ས་གཙོ་ཅན་ཅིག་སྦེ་མཛད་གནང་ནུག། དེ་ལས་རྫོང་འདི་མེ་མཆོད་མཇུག་བཞེས་པའི་ཤུལ་ལས་ མི་དབང་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ལོག་ཨ་རྟག་བཟུམ་སྦེ་ བཟོ་ནི་གི་དོན་ལུ་ལོ་ངོ་བདུན་གྱི་རིང་གསར་བཞེངས་ཀྱི་ཕྱག་ལཱ་ཚུ་ མ་བཏུབ་བཏུབ་སྦེ་མཛད་གནང་བའི་མཐའ་མར་ སྤྱི་ལོ་ ༡༩༦༨ ལུ་རྗེ་མཁན་ཁྲི་རབས་དྲུག་ཅུ་རེ་དྲུག་པ་ཡོན་ཏན་མཐར་ཕྱིན། རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོ་ རང་བྱུང་རིག་པའི་རྡོ་རྗེ་དང་ རྗེ་སྐུ་བགྲེས་འཇམ་དབྱངས་ཡེ་ཤེས་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་གསར་སྒྲུབ་ཀྱི་རབ་གནས་འདི་ཡང་ རྒྱས་ཤིང་རྒྱསཔ་སྦེ་མཛད་གནང་ནུག། དེ་ལས་ཚུར་འབྲུག་གཞུང་གི་ཆོས་སྲིད་གཉིས་ཀྱི་ཕྱག་ལཱ་མཛད་སའི་ ཡིག་ཚང་གཙོ་ཅན་ཅིག་ལུ་སྒྱུར་གནང་ནུག།
ཆགས་གནས་དང་ཡིག་ཚང་ཁག།
ཞུན་དགཐིམ་ཕུ་བཀྲིས་ཆོས་རྫོང་འདི་ཐིམ་ཕུ་གི་བྱང་ཕྱོགས་ཁ་ཐུག་ལུ་ ཝང་ཆུ་གི་ཆུའི་མཐའ་མར་ཆགས་ཏེ་ཡོདཔ་ལས་ དེ་ཡང་རྫོང་འདི་སྤྱི་ལོ་ ༡༢༡༦ ལུ་བཞེངས་ཞིན་ན་ལས་འགོ་བཙུགས་ཏེ་ གྲྭ་ཚང་གི་གནས་ཁང་རྐྱངམ་གཅིག་སྦེ་ ལག་ལེན་འཐབ་སྡོད་རུང་ སྤྱི་ལོ་ ༡༧༤༥ ལུ་རྫོང་འདི་རྒྱ་བསྐྱེད་འབད་དེ་ འབྲུག་གི་གཞུང་གི་འགོ་དཔོན་ཚུ་ལུ་ཁང་མིག་བཟོ་ཡོདཔ་ཨིན་མས། རྫོང་འདི་གི་ཤར་ལྷོ་ཁ་ཐུག་ལུ་ཡོད་པའི་འཛུལ་སྒོ་གཉིསཔོ་དེ་གིས་ བདག་སྐྱོང་གི་ཡིག་ཚང་ལུ་སྣ་འཁྱིད་འབདཝ་ཨིན་རུང་ ལྟ་སྐོརཔ་ཚུ་འགྱོ་མི་ཆོག།
བྱང་ཤར་གྱི་འཛུལ་སྒོ་འདི་གིས་ གྲྭ་ཚང་གི་ས་གོ་ཁ་ཐུག་སྣ་འཁྱིད་འབདཝ་ཨིན། (ཨེ་ཤེ་ཡ་ལྟ་སྐོར། གནམོ་ལོ་མེད། སྤྱི་ལོ་མེད།)
ཐིམ་ཕུ་བཀྲིས་ཆོས་རྫོང་འདི་སྤྱི་ལོ་ ༡༢༡༦ ལུ་བླམ་ལྷ་སྣང་པ་གིས་བཞེངས་མི་འདི་སྤྱི་ལོ་ ༡༦༤༡ ལུ་བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ལོག་གསར་བཞེངས་འབད་ཡོད་མི་འདི་ སྤྱི་ལོ་ ༡༧༧༢ ལུ་སྡེ་སྲིད་ ༡༦ པ་ བསོད་ནམས་ལྷུན་གྲུབ་ ཡོངས་གྲགས་ལུ་ཞི་དར་ཟེར་མི་གི་སྐབས་ལུ་མེ་མཆོད་བཞེས་མི་འདི་ལོག་ གསར་བཞེངས་མཛད་དེ་མཚན་ཡང་བསོད་ནམས་ཆོས་རྫོང་ཟེར་ བཏགས་གནང་བའི་མཐའ་མར་ དོ་རུང་སྤྱི་ལོ་ ༡༩༦༢ ལུ་མི་དབང་འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ དེང་སང་གི་བཟོ་བཀོད་ཀྱི་ཐོག་ལས་བཞེངས་མི་འདི་ཨིན། རྫོང་འདི་ནང་ལུ་མི་དབང་མངའ་བདག་རིན་པོ་མཆོག་གི་གསེར་ཁྲི་ཁང་བཟང་མངོན་པར་མཐོ་བའི་གདན་ས། མི་དབང་མངའ་བདག་རྒྱལ་པོའི་ཡིག་ཚང་། གཞུང་གྲྭ་ཚང་དང་གཞུང་གི་སྣང་སྲིད་དང་ དངུལ་རྩིས་ལྷན་ཁག་གི་ཡིག་ཚང་ཚུ་ཡོདཔ་ཨིན།
རྫོང་ནང་ན་ལྷ་ཁང་།
ཞུན་དག
རྫོང་འདི་གི་ནང་ན་ལུ་སྡེ་སྲིད་ ༤༤ པ་འཇིགས་མེད་རྣམ་རྒྱལ་གྱིས་བཀའ་བཞིན་དུ་ ཐིམ་ཕུ་རྫོང་དཔོན་ ཀུན་བཟང་འཕྲིན་ལས་ཀྱིས་ སྤྱི་ལོ་ ༡༨༨༦ ལུ་བཞེངས་མི་གུ་རུ་གི་ལྷ་ཁང་ཡོད། ལྷ་ཁང་འདི་གི་ནང་ན་གི་རྟེན་གཙོ་བོ་ར་ གུ་རུ་སྣང་སྲིད་ཟིལ་གནོན། གུ་རུ་མཚན་བརྒྱད་དང་ དགོངས་འདུས་ཀྱི་ལྷ་ཚུ་ཡོདཔ་ཨིན། ལྷ་ཁང་འདི་གི་མིང་ལུ་ ལྷ་ཁང་གསརཔ་ཟེར་ཡང་སླབ་ཨིན། དེ་སྦེ་ ལྷ་ཁང་གསརཔ་ཟེར་སླབ་མི་གི་གནད་དོན་འདི་ཡང་ རྫོང་འདི་བཞེངས་ཚར་བའི་ལོ་ ༡༡༤ གི་ཤུལ་ལས་བཞེངས་ནི་འདི་གིས་ཨིན་མས། ལྷ་ཁང་འདི་ ཉམས་གསོ་སྦོམ་སྦེ་ར་ཞུ་སྟེ་ མཇུག་བསྡུ་ཞིནམ་ལས་ སྤྱི་ལོ་ ༢༠༠༣ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༩ ལུ་ སྐྱབས་རྗེ་ཁྲི་རབས་བདུན་ཅུ་པ་ སྤྲུལ་སྐུ་འཇིགས་ཆོས་གྲགས་མཆོག་གིས་ རབ་གནས་མཛད་གནང་ཡོདཔ་ཨིན། རབ་གནས་རྟེན་འབྲེལ་གྱི་མཛད་སྒོ་འདི་ བརྒྱུད་འཛིན་གྱི་རྒྱལ་སྲས་ དྲགོས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་དབུ་གཙོས་པའི་ མི་དབང་སྐུ་འཁོར་དང་བློན་པོའི་ལྷན་ཚོགས་ཀྱིས་བཅའ་མར་གཏོགས་ཏེ་ཡོདཔ་ཨིན། ནུབ་ཁ་ཐུག་གི་ཀ་ཁྱིམ་གནས་ཁང་འདི་ནང་ལུ་ སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་དང་ ཆོས་སྐྱོང་སྲུང་མའི་ལྷ་ཚོགས་ཚུ་བཞུགས་ཡོདཔ་ཨིན། (ཡི་མ་ལ་ཡ་འབྲུག། གནམ་ལོ་མེད། སྤྱི་ལོ་མེད།)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ༌རྟེན༌དཔེ༌ཐོ།
༡༽ ཝི༌ཀི༌པི༌ཌི༌ཡ།
༢༽ ཡི་མ་ལ་ཡ། འབྲུག། གནམ་ལོ་མེད། སྤྱི་ལོ་མེད།
༣༽ ཨེ་ཤེ་ཡ་ལྟ་སྐོར། གནམ་ལོ་མེད། སྤྱི་ལོ་མེད།