འཁྲབ་རྩེདཔ་ ཕུརཔ་ཕྲིན་ལས།

ཁ་ལས་ཚིག་གཅིག་ལས་བརྒལ་མ་སླབ་རུང་ འབྲུག་མི་ཡོངས་ཕོཝ་ན་ན་ར་བགའ་བཅུག་མི་ ཡོངས་གྲགས་ཅན་གྱི་མི་ངོམ་ ཕུརཔ་ཕྲིན་ལས་ཟེར་མི་འདི་ སྤུ་ན་ཁ་རྟ་ལོག་ལས་ཨིན་པས། ཁོ་ར་ ལོ་ན་ཆུང་ཀུ་བསྒང་ལས་ དགེ་སློང་ནང་འཛུལ་ཞུགས་འབད་དེ་ ནང་པའི་གཞུང་ཚུ་སྦྱངས་ནུག། ཁོ་ར་ ཤེས་ཡོན་སྦྱང་ས་ རྟ་ལོག་ནོརབུ་སྒང་མགོན་པ་ལས་འགོ་བཙུགས་ཏེ་ བདེ་ཆེན་ཕོ་བྲང་བཤད་གྲྭ་ནང་ལུ་ལོ་དྲུག། ཐིམ་ཕུག་རྫོང་ནང་ལོ་གཉིས། ཕ་ཇོ་ལྡིངས་དགོན་པ་ལུ་ལོ་དྲུག། དེ་ལས་སེམས་རྟོགས་ཁ་ལུ་ ལོ་གཉིས་སྡོད་ནུག།

ཕུརཔ་ཕྲིན་ལས་ཁོ་ར་ ལོ་ངོ་ ༡༧ དེ་ཅིག་ དགེ་སློ་ནང་སྡོད་པའི་ཤུལ་ལུ་སྤྱི་ལོ་ ༡༩༩༦ སྐྱེས་ལོ་ ༣༠ ལངམ་ད་ དགོངས་ཞུ་འབད་དེ་ རྒྱལ་གཞུང་འཆམ་དང་ཟློས་གར་ནང་ལུ་ ཨ་ཙ་ར་གོངམ་སྦེ་ལོ་དགུ་ཕྱག་ཞུ་ནུག། ཁོ་གིས་ ཐིམ་ཕུག་ཚེས་བཅུ་གི་སྐབས་ལུ་ ཨ་ཙ་ར་སྦེ་དགོད་བྲ་བསྒྱུར་ནི་གི་གོ་སྐབས་ཐོབ་ནི་འདི་གིས་ ཁོ་འབྲུག་གི་གློག་བརྙན་ཚོགསཔ་ནང་ལུ་དགོད་བྲ་སྒྱུར་མི་སྦེ་ཐོབ་ཅི་ཟེར་བཤདཔ་ཨིན་པས། ཕུརཔ་ཕྲིན་ལས་ལུ་ བརྩེ་བའི་བུ་གཞི་གསུམ་ཡོདཔ་ཨིན་མས།

ཕུརཔ་ཕྲིན་ལས་ཀྱིས་འབྲུག་ག་གློག་བརྙན་ཚུ་ནང་ལུ་ མང་ཤོས་ར་དགོད་བྲ་སྒྱར་མི་སྦེ་བརྩེས་ཡོདཔ་དང་ ད་ལྟོ་ཚུན་ཚོན་ ཁོ་གིས་ འབྲུག་གི་གློག་བརྙན་ ༦༦ དེ་ཅིག་ནང་བཅའ་མར་གཏོགས་ཏེ་འདུག། ཁོ་གིས་ གློག་བརྙན་འགོ་དང་པ་ར་ ལན་ཆགས་ཟེར་མི་ནང་ལུ་བརྩེས་ཏེ་ ཁོ་ལུ་དགོད་བྲ་སྒྱུར་ནི་འདི་ རང་བཞིན་གྱི་རིག་སྟོབས་ཅིག་འབདཝ་ལས་ འབྲུག་གློག་བརྙན་ཚོགས་པ་ནང་ལས་ དགོད་བྲ་སྒྱུར་མི་དྲག་ཤོས་ཀྱི་གསོལ་ར་ལེ་ཤ་ར་ཐོབ་ཡོད་མི་ཚུ་ཡང་།

༡/ གློག་བརྙན་ཤ་དང་སེན་མོ་ནང་ལས་དགོད་བྲ་སྒྱུར་མི་དྲག་ཤོས་ཀྱི་གསོལ་ར།

༢/ གློག་བརྙན་སེམས་ཀྱི་དམ་ཚིག་ནང་ལས་དགོད་བྲ་སྒྱུར་མི་དྲག་ཤོས་ཀྱི་གསོལ་ར།

༣/ གློག་བརྙན་ཕུརཔ་ཕྲིན་ལས་ནང་ལས་དགོད་བྲ་སྒྱུར་མི་དྲག་ཤོས་གསོལ་ར།

༤/ གློག་བརྙན་སེམས་དགའ་བའི་སྟག་ཤར་ནང་ལས་དགོད་བྲ་སྒྱུར་མི་དྲག་ཤོས་གསོལ་ར།

ཕུརཔ་ཕྲིན་ལས་ཁོ་ར་ དགོད་བྲ་བསྒྱུར་ནི་རྐྱངམ་གཅིག་ནང་མཁས་མཆོག་མེན་པར་ གཞན་ཡང་བློ་ཟེ་བསྒྱུར་ནི་དང་བརྩམ་ནི། ཞབས་ཁྲ་བརྩམ་ནི་དང་འཐེན་ནི་ཚུ་ནང་ལུ་ཡང་ལྕོགས་གྲུབ་ཡོདཔ་ཨིན། འདི་བཟུམ་སྦེ་ སྲུང་བྲི་ནི་དང་བློ་ཚིག་བྲི་ནིའི་ནང་ལུ་ཡང་ མཁས་པ་ཅིག་ཨིན་མས། དེ་མ་ཚད་ གསལ་བཤད་འབད་ནིའི་ནང་ལུ་ཡང་ མཁས་མཆོག་ཅིག་འབདཝ་ལས་ རྒྱལ་ཡོངས་དུས་ཆེན་གྱི་སྐབས་ལུ་ གསལ་བཤདཔ་སྦེ་ཕྱག་ཞུ་དོ་ཡོདཔ་དང་ འབྲུག་གི་གསུང་སྐད་ཟེར་མི་གསུང་སྐད་འགྲུན་བསྡུར་ནང་ལུ་ཡང་གསལ་བཤད་པ་སྦེེ་ཕྱག་ཞུ་ནུག།

ཁོ་གིས་ ཁོ་རའི་མི་ཚེའི་གནས་སྟངས་དང་ཉམས་མྱོང་ཚུ་ལུ་གཞི་བཞག་སྟེ་ མིསི་ཊར་པི་ཊི་ (MR.PT) ཟེར་བའི་གློག་བརྙན་འདི་ ཁོ་ར་གིས་ར་བཟོ་སྐྲུན་འབད་དེ་ ཡོདཔ་ཨིན།

རྒྱབ་རྟེན།

འབྲུག་གི་གློག་བརྙན། (༢༠༡༧) ཕུརཔ་ཕྲིན་ལུགས། https://www.movies.bt

འབྲུག་ས་སྨུག། (༢༠༢༢) འབྲུག་གི་དགོད་བྲ་ཅན། https://www.samuhbhutan.com/show/

"https://dz.wikipedia.org/w/index.php?title=ཕུརཔ་ཕྲིན་ལས།&oldid=29617" ལས་ སླར་འདྲེན་འབད་ཡོདཔ།