ཕ་ཇོ་སྡིངས་ཟེར་བའི་ལྷ་ཁང་འདི་ས་གནས་ཐིམ་ཕུག་གི་ཉེས་འདབས་ལུ་ཆགས་ཏེ་ཡོད། དེ་ཡང་ ཧེ་མ་དུས་རབས་ ༡༣ པའི་ནང་ཕ་ཇོ་འབྲུག་སྒོམ་ཞིག་པོ་གིས་འགོ་ཐོག་གཞི་བཙུགས་གནང་ནུག། ཧེ་མ་བཀའ་བརྒྱུད་ཀྱི་བསྟན་པ་འགོ་ཐོག་བོད་ལུ་གཞི་བཙུགས་མཛད་མི་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱིས་ འབྲུག་དགུ་འབད་མི་ཅིག་ས་གི་འོག་ལས་ཐོན་འོངས་ཏེ་གནམ་ཁ་ལས་མེ་ཏོག་བབས་ཡོད་ས་གཟིགས་ནུག། གཙང་པ་རྒྱ་རས་ཀྱིས་ འབྲུག་དེ་ མ་འོངས་པ་ལུ་ལྷོ་ཕྱོགས་ཁ་ཐུག་ལུ་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་ཅིག་དང་ཕྱད་ནི་གི་ལུང་བསྟན་འདུག་ཟེར་གསུངས་ནུག། སྤྱི་ལོ་ ༡༢༢༤ ལུ་ཕ་ཇོ་འབྲུག་སྒོམ་ཞིག་པོ་བོད་ལས་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ་ནིའི་དོན་ལུ་ལྷོ་འབྲུག་ལུ་བྱོན་ཏེ་ ཐུགས་དམ་གནང་སའི་སྒྲུབ་ཁང་རི་སྦོམ་ཅིག་གི་མཐའ་མར་བཞེངས་གནང་ནུག། དེ་ཡང་ ད་ལྟོ་ཡོངས་གྲགས་སོང་སྟེ་ཡོད་པའི་ཕ་ཇོ་སྡིངས་ཀྱི་གནས་འདི་ཨིན་པས། དེ་མ་ཚད་ དེ་ཁར་ རྩ་ཆེ་བའི་ལྷ་ཁང་དང་སྒྲུབ་པ་གནང་སའི་སྒྲུབ་ཁང་མང་རབས་ཅིག་བཞེངས་གནང་སྟེ་ཡོདཔ་ལས་ ད་ལྟོ་ཚུན་གྱི་བར་ན་ ས་གནས་ཕ་ཇོ་སྡིངས་འདི་ འབྲུག་རྒྱལ་ཁབ་ནང་ ལོ་གསུམ་ཕྱོགས་གསུམ་ནང་བཞུགས་སའི་གནས་བྱིན་ཅན་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན།

ཕ་ཇོ་སྡིངས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམ་འདི་ འབྲུག་རྒྱལ་ཁབ་ཀྱི་གཞི་རྩ་ངོ་མ་ཅིག་འབདཝ་ལས་ རྒྱལ་ཁང་ནང་ཡོད་པའི་གནས་རྩ་ཆེན་ཚུ་ལས་བརྟེན་ཏེ་ ཕྱི་རྒྱལ་ཁབ་ཀྱི་ལྟ་བཤལཔ་གི་གྱངས་ཁ་ཚར་གཅིག་བ་གཅིག་ཡར་སེང་འགྱོཝ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ཡང་ཕན་ཐོགས་སྦོམ་སྦེ་ར་འབྱུང་དོ་ཡོདཔ་ཨིན། དེ་ཡང་ ས་ཐག་རིང་ཐུང་ལས་བཅད་རུང་ ཐིམ་ཕུག་ལས་འགྱོཝ་ད་དུས་ཡུན་ཆུ་ཚོད་གསུམ་དེ་ཅིག་དང་ ལོག་འོངམ་ད་ལུ་ ཆུ་ཚོད་གཉིས་དེ་ཅིག་ལས་བརྒལ་མི་འགོར་དོ་ཡོདཔ་དང་། གནས་འདི་ཁར་ གྱེན་འཛེགས་འགྱོ་དགོ་སྟེ་འབད་རུང་ ཤིང་དང་མེ་ཏོག་གིས་བརྒྱན་ཏེ་ བྱ་དང་བྱིའུ་ཚུ་གི་སྐད་སྣ་ཚོགས་སྦེ་རྐྱབ་སའི་ས་གོ་ནང་ལས་ཡར་འགྱོཝ་ད་ ཉམས་དགའ་ཏོག་ཏོ་ཡོད་པའི་ཁར་ ཡར་ལྷ་ཁང་གི་རྩ་བར་་ལྷོདཔ་ད་ ཐིམ་ཕུག་གི་ཁྲོམ་ཧིང་སང་ས་སྦེ་མཐོང་ཚུགསཔ་ལས་ ལྟ་བཤལཔ་ཚུ་གིས་པར་ཆས་ཚུ་བསྣམས་ཏེ་ས་གོ་དང་གནས་དེ་ཚུ་གི་པར་བཏབ་སྟེ་སྤྲོ་བ་སྟོན་དོ་ཡོདཔ་ཨིན། ལྷ་ཁང་གི་ནང་ན་ ནང་རྟེན་ངོ་མ་ཕྱག་སྟོང་སྤྱན་སྟོང ཕ་ཇོ་རིན་པོ་ཆེ་དང་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱི་སྐུ་འདྲ། ཞབས་དྲུང་རིན་པོ་ཆེའི་སྐུ་འདྲ་ཚུ་མཇལ་ཚུགས། ཕ་ཇོ་སྡིངས་ཀྱི་ལྟག་ལུ་ཐུགས་རྗེ་བྲག་ཟེར་ཧེ་མ་ཕ་ཇོ་རིན་པོ་ཆེ་འབྲུག་ལུ་ཕེབས་ཏེ་སྒོམ་གནང་སའི་ས་གོ་ཅིག་ཨིནམ་ལས་མིང་ཡང་འཕགས་པ་ཐུགས་རྗེ་ཆེན་པོ་ལས་རྟ་དྲང་སྟེ་ཐུགས་རྗེ་བྲག་ཟེར་བཏགས་གནང་གནངམ་ཨིན་པས།

མཆོད་རྟེན།

ཕ་ཇོ་སྡིངས་ལས་ཆུ་ཚོད་བཞི་གི་ས་ཁར་འགྱོཝ་ད་ དུང་མཚོ་ཟེར་བའི་མཚོ་སྦོམ་ཅིག་ཡང་མཇལ་ནི་ཡོད། མཚོ་དེ་ སའི་མཐོ་ཚད་མི་ཊར་ ༤༢༥༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན།

ཁུངས་གཏུག།

ཞུན་དག
  1. ཡོངས་འབྲེལ། (༢༠༢༡)
"https://dz.wikipedia.org/w/index.php?title=ཕ་ཇོ་སྡིངས།&oldid=33162" ལས་ སླར་འདྲེན་འབད་ཡོདཔ།