༉ འབྲུག་རྒྱལ་ཁབ་འདི་ སྔར་སྲོལ་གྱི་བཞེས་སྒོ་དང་རྫས་སྦྱོར་ལུ་ ཕྱུག་པའི་རྒྱལ་ཁབ་ཅིག་ཨིན། འདི་ཡང་དང་ཕུ་ལས་ར་ འབྲུག་རྒྱལ་ཁབ་ཀྱི་ལུང་ཕྱོགས་སོ་སོ་ལས་ཕར་ ས་གནས་མཐོ་དམན་དང་གནམ་གཤིས་ཀྱི་ཁྱད་པར་ལས་བརྟེན་ འབྲུ་སྣ་དགུཔོ་ཡང་དེ་དང་འཁྲིལ་འཚོ་དོ་ཡོདཔ་ལས་ འཚོ་བའི་གནས་སྟངས་དང་ བཞེས་སྒོ་གི་རིགས་ལུ་ཡང་ ལུང་ཕྱོགས་ཁག་གི་བར་ན་ མ་འདྲཝ་བྱུང་བའི་རྒྱུ་མཚན་ཡང་ དེ་ལས་བརྟེན་ཏེ་ཨིན་པས།

དང་པ་ར་ པུ་ཏ་ཟེར་མི་འདི་ འབྲུག་བུམ་ཐང་རྫོང་ཁག་ནང་ བཞེས་སྒོ་ཚུ་གི་གྲས་ལས་ སྔོན་དང་ཕུ་ལས་ར་ལོངས་སྤྱོད་དེ་ཡོད་པའི་ བཞེས་སྒོ་རྡིག་རྡིགམ་ཅིག་སྦེ་བརྩི་དོ་ཡོདཔ་ཨིན། པུ་ཏ་འདི་གཙོ་བོ་བྱཱོ་ཕྱེ་ ཡང་ན་ ནག་ཕྱེ་ (ཁྱབ་ཆེ་ཤོས་བྱཱོ་ཕྱེ་) གང་རུང་ཅིག་གིས་བཟོ་སྲོལ་འདུག། རྫས་སྦྱོར་སོ་སོ་ཡང་སྒོགཔ་གི་འདབ་མ། ཨེ་ཕྱེ། མར་ཁུ། ཆུ་ཚན། སྒོང་རྡོག་དང་ནོར་ཤ་ལ་སོགས་པ་དགོཔ་ཨིན། བཟོ་ཐངས་འདི་ཡང་དང་པ་ར་ ཧོད་གཅིག་ནང་ལུ་ཨེ་ཕྱེ། སྒོགཔ་གི་འདབ་མ་ཆུང་ཀུ་སྦེ་བཏོག། སྒོང་རྡོག་ ཡང་ན་ ནོར་ཤ་ (མགྱོནམོ་འདི་ཤ་ཟ་མི་ཨིན་པ་ཅིན་) དང་ཚྭ་ (ཨ་ཙི་དྲགས་སུ་ཅིག་) ཚུ་མར་ཁུ་ནང་ལུ་བརྔོ་དགོ། དེ་ལས་བྱཱོ་ཕྱེ་འདི་ཧོད་གཅིག་ནང་ལུ་ ཆུ་རན་ཏོག་ཏོ་བླུགས་ཏེ་སྤུས་ཙ་སྦེ་བསྣད་དེ་ པུ་ཏ་བཟོ་ནིའི་དོན་ལུ་ དང་ཕུ་གི་འཕྲུལ་ཆས་པུ་ཏ་པར་ཟེར་ ཤིང་གིས་བཟོ་བཟོཝ་འདི་ལག་ལེན་འཐབ་ཨིན་མས། (Phuntsho, ༢༠༡༧)

ལོགས་ཅིག་ཁར་ཆུ་ཚན་བསྐོལ་ཡོད་མི་ནང་ལུ་ པུ་ཏ་ཚུ་ཆུའི་ཐོག་ཁར་མ་ལྡིང་ཚུན་བཙོ་ཡི་ར་ གཙག་གཞོང་ (བུམ་ཐང་པའི་ཁ་ལས་ཤོ་དེ་ལས་) ཟེར་སྦ་གིས་འཐག་འཐགཔ་དེ་གིས་ཕྱི་ཁར་བཏོན་ཏེ་ ཟངས་གཞོང་ (བུམ་ཐང་པའི་ཁ་ལས་ཚང་དར་) ཟེར་མི་འདི་ཡང་སྦ་གིས་འཐག་འཐགཔ་གི་ཧོད་ནང་ལུ་བཀང་དགོ། པུ་ཏ་ག་ར་བཙོ་ཚར་བའི་ཤུལ་ལུ་ ཟངས་གཞོང་ནང་ལུ་བླུགས་ཏེ་ དེ་གི་ལྟག་ལས་ཨེ་ཕྱེ་དང་སྒོགཔ་ལ་སོགས་པ་ མར་ཁུ་ནང་ལུ་བཙོ་མི་དེབླུག་དགོ། དེ་གུར་མར་ཁུ་ཚ་ཏོམ་བཟོ་སྟེ་བླུག་ཞིནམ་ལས་ ག་ར་སླ་བསྲེ་རྐྱབ་དགོ། དེ་གི་ཤུལ་ལས་ཚྭ་གི་བྲོཝ་བལྟ་ནིའི་དོན་ལུ་ ཕྱེ་དུམ་གྲ་ཅིག་བཏོག་སྟེ་ཟ་དགོ། (བུམ་ཐང་ལས་པདྨ་ཆོས་སྒྲོན་ ༢༠༢༢)

པུ་ཏ་འདི་དུས་རྒྱུན་གྱི་བཞེས་སྒོ་སྦེ་ཟ་སྲོལ་མེདཔ་ཨིན་པས། དེ་ཡང་ ཚེས་བཅུའི་སྐབས་སུ་ཉི་མའི་ལྟོ་སྦེ་བཅིང་འབག་ནི་ཡོདཔ་མ་ཚད། རིམ་གྲོ་དང་ཆོས་སྲུང་གསོལ་བའི་སྐབས་ ལོ་ཆོག་ལ་སོགས་པའི་དུས་ཚོད་ལུ་ གཅིག་ཁར་འཛོམས་མི་ལྟ་ལྟོ་ཚང་དང་ ཁྱིམ་ཚང་དེ་ལས་གཉེན་ཉེཝ་ཚུ་ལུ་ཉི་མའི་ལྟོ་སྦེ་བྱིན་པའི་སྲོལ་འདུག། (བུམ་ཐང་ལས་ཚེ་དབང་ཕུན་ཚོགས་ ༢༠༢༢) ད་རུང་ སྲོལ་བཟང་པོ་གཅིག་ག་ཅི་འདུག་ཟེར་བ་ཅིན་ དཔེར་ན་རང་གི་ཚེས་བཅུའི་སྐབས་ལུ་ གཡུས་གཞན་ཁའི་ཆ་རོགས་དང་གཉེན་ཉེཝ་ཚུ་ལུ་ པུ་ཏ་བང་ཅུང་ནང་ལུ་བཀང་སྟེ་བྱིན་ནི་ཡོདཔ་ད་ བང་ཅུང་ལོག་སྤྲོདཔ་ད་ལུ་ཡང་སྟོངམ་སྦེ་མེན་པར་ ཏི་རུ་བཙུགས་ཏེ་སྤྲོད་ནིའི་སྲོལ་ཡོདཔ་ཨིན། (བུམ་ཐང་ལས་ཚེ་རིང་ལྷ་སྒྲོན་ ༢༠༢༢).

རྒྱབ་རྟེན།

པདྨ་ཆོས་སྒྲོན། (༢༠༢༢). པུ་ཏ་དང་བྱང་བུ་ལི།. བུམ་ཐང་།

ཚེ་དབང་ཕུན་ཚོགས། (༢༠༢༢). པུ་ཏ་དང་བྱང་བུ་ལི།. བུམ་ཐང་།

ཚེ་རིང་ལྷ་སྒྲོན། (༢༠༢༢). པུ་ཏ་དང་བྱང་བུ་ལི།. བུམ་ཐང་།

"https://dz.wikipedia.org/w/index.php?title=པུ་ཏ།&oldid=29780" ལས་ སླར་འདྲེན་འབད་ཡོདཔ།