ནུབ་མཚོ་ནག་པ་ཊ། Nub Tshonag Pata
ངོ་སྤྲོད།
ཞུན་དགནུབ་མཚོ་ནག་པ་ཊ་ཟེར་མི་གི་ཐད་ཀར་གྱི་གོ་དོན་འདི་ ནུབ་ཀྱི་མཚོ་སྦོམ་ཤོས་ཟེར་མི་འདི་ཨིན། མཚོ་འདི་ཡང་ཧཱ་དང་བོད་ཀྱི་དང་ཕུའི་ཚོང་འབྲེལ་གྱི་ཚོང་ལམ་ཁར་ཡ་མཚན་ཆེ་ཏོག་ཏོ་སྦེ་ཆགས་ཏེ་ཡོདཔ་ཨིན། ནུབ་མཚོ་ནག་པ་ཊ་འདི་འབྲུག་རྒྱལ་ཁབ་ནང་ལུ་མཚོ་གལ་ཅན་ཅིག་སྦེ་ཆ་བཞགཔ་ཨིན། མཚོ་འདི་སྦོམ་ཤོས་ཅིག་སྦེ་བརྩི་ནི་དེ་གིས་ སྔོ་ཤིང་ལྷམ་པ་གཉིས་སྐྱེས་ཏེ་ཡོད་མི་འདི་ཡང་ མཚོའི་མགུ་ལུ་གངས་རི་ཇོ་མོ་ལྷ་རི་བཟུམ་ལུ་སྐྱེས་མི་ཆུ་དཀར་མེ་ཏོག་དང་དང་མཚོ་མཇུག་ལུ་ས་དམའ་ས་ལུ་སྐྱེས་མི་དུང་ཤིང་ཚུ་ག་ནི་བ་འཇའ་ཆི་ཆི་སྦེ་སྐྱེས་ཡོདཔ་ཨིན།
བྱུང་རབས།
ཞུན་དགནུབ་མཚོ་ནག་པ་ཊ་འདི་ཁྱད་འཕགས་ཅན་སྦེ་བརྩི་དགོ་མི་དེ་ཡང་ སྤྱི་ལོ་ ༼༡༢༦༧-༡༢༩༧༽ ལུ་བོད་ཁམས་ཀྱི་གཏེར་བཏོན་ཤེས་རབ་མེ་འབར་འདི་ དུས་རབས་ ༡༣ པ་ནང་ལུ་དགུང་ལོ་བཅུ་གསུམ་བཞེས་པའི་སྐབས་ལུ་འབྲུག་ལུ་བྱོན་ཏེ་ སྤ་རོ་སྤང་པའི་ས་ལུ་གདན་ས་བཅགས་ཏེ་གུ་རུ་ལྷ་ཁང་ཅིག་ཡང་བཞེངས་གནང་མི་ལུ་བརྟེན་ཏེ་ཨིན་མས། སྤང་པའི་ས་ལུ་ཡོད་མི་ཐོག་གཉིས་འབད་མི་ལྷ་ཁང་འདི་ད་ལྟོ་ཡང་གནམ་མེད་ས་མེད་རྩ་ཅན་ཅིག་སྦེ་བརྩིཝ་ཨིན་མས། ས་གནསས་ཀྱི་ངག་རྒྱུན་ལྟར་དུ་འབད་བ་ཅིན་ གཏེར་བཏོན་ཤེས་རབ་མེ་འབར་འདི་ནུབ་མཚོ་ནག་པ་ཊ་ལས་གཏེར་བཞེས་དགོ་པའི་ལུང་བསྟན་ཡོདཔ་མ་ཚད་ བུམ་ཐང་ལུ་ཡོད་པའི་ཚེ་བྲག་དགོན་པ་ལུ་ཡང་ཞབས་བཅགས་དགོ་པའི་ལུང་བསྟན་ཡོདཔ་ཨིན་མས། གཏེར་འདི་འཚོལ་ནིའི་དོན་ལུ་གཏེར་བཏོན་ཤེས་རབ་མེ་འབར་འདི་ཧཱ་ལུ་བྱོན་ནུག། གཏེར་བཏོན་མཆོག་ནུབ་མཚོ་ནག་པ་ཊ་འདི་འཚོལ་ཐོབ་ཞིན་ན་ མཚོ་དེ་ཁ་ལས་གསེར། དུང་། རྔ། རྔས་ཏོ་དང་རོལམོ་ཆ་གཉིས་ལ་སོགས་པའི་མཆོད་ཆས་དང་ལག་ཆས་ལེ་ཤ་གཏེར་སྦེ་བཞེས་གནང་ནུག། གཏེར་བཏོན་འདི་ནུབ་མཚོ་ནག་པ་ཊ་ཚར་བདུན་བྱོན་དགོ་པའི་ལུང་བསྟན་ཡོདཔ་ཨིན་མས།
གཏེར་བཏོན་སྐོར།
ཞུན་དགཚར་གཅིག་གཏེར་བཏོན་གྱིས་ནུབ་མཚོ་ནག་པ་ཊ་ལུ་གསེར་སྒོང་རིལ་སྦོམ་ཅིག་མཐོང་མི་འདི་ སྦལཔ་རི་བཟུམ་ཅིག་ལུ་སྒྱུར་ཏེ་ནུབ་མཚོ་ནག་པ་ཊ་གི་མཚོ་འདི་ག་ར་འཐུང་སྟེ་སྦལཔ་འདི་གི་ཁ་ནང་ལུ་བཟུང་བཞག་ནུག། དེ་ལས་གཏེར་བཏོན་ཤེས་རབ་མེ་འབར་གྱིས་ཤིང་བཟོ་ཚུ་ལུ་གསེར་རྡོ་འདི་སྤ་རོ་རྫོང་གི་ཀ་ཆེན་སྦེ་ལག་ལེན་འཐབ་ནིའི་དོན་ལུ་བཏོག་བཅུག་སྟེ་ གསེར་གྱི་ཆག་དུམ་འདི་ཁོང་ཆ་ཁྱབ་ཀྱི་ལཱ་གི་གླ་རིན་སྦེ་འབག་ཟེར་གསུངས་ནུག། ཨིན་རུང་ཤིང་བཟོ་ཚུ་གིས་གསེར་གྱི་ཆག་དུམ་ལེ་ཤ་ཐོབ་འདོད་ཀྱིས་ཀ་ཆེན་འདི་གཏེར་བཏོན་གྱི་ཚད་བཀལ་མི་ལས་བརྒལ་ཏེ་བཏོགས་མི་འདི་གཟིགས་ཏེ་ ཁོང་ཆ་ཁྱབ་ལུ་བློ་སླབ་ད་ལུ་ལྷ་པ་ལས་ཆུ་ཆུ་ཐིག་པ་གཅིག་ས་ཁར་འབུད་དེ་ ཆུ་འདི་མཚོ་དེ་ཁར་འཁྱིལ་ཏེ་ཁོང་ཆ་ཁྱབ་ག་ར་གསེར་གྱི་ཀ་ཆེན་དང་སྦྲགས་ཏེ་འཕྱག་བདའ་ནུག། ས་གནས་ཀྱི་མི་ཚུ་གིས་སླབ་མི་ནང་ལུ་ དེ་བསྒང་གི་མི་ཚུ་གཏེར་བཏོན་གྱི་སློབ་མ་བརྒྱ་དང་རྩ་ལྔ་ཨིནམ་སྦེ་བཤད་མི་ཁག་གཅིག་དང་ ཁ་གཅིག་གིས་གཏེར་བཏོན་དང་གཅིག་ཁར་འགྱོ་མི་འདི་གཡུས་སྤང་པའི་ས་གི་སྟོབས་ཤུགས་ཅན་གྱི་ཕོ་སྐྱེས་སོ་ནམ་པ་དང་ཤིང་བཟོ་ ༣༢ ཚུ་ཨིནམ་སྦེ་བཤདཔ་ཨིན་མས། (འབྲུག་རྒྱལ་ཡོངས་དཔེ་མཛོད་དང་གཏན་མཛོད། གནམ་ལོ་མེད། སྤྱི་ལོ་ ༢༠༢༡)
ཕུརཔ་ཚེ་རིང་གིས་སྤྱི་ལོ་ ༢༠༢༡ ལུ་ཕེསི་བྷུག་ནང་ལུ་བྲིས་མི་ནང་ལུ་ གཏེར་བཏོན་ཤེས་རབ་མེ་འབར་འདི་ལུང་བསྟན་ལྟར་དུ་ ནུབ་མཚོ་ནག་པ་ཊ་ལུ་ཤིང་བཟོ་སྡེ་ཚན་གཅིག་དང་གཅིག་ཁར་ལུ་གསེར་གྱི་ཀ་ཆེན་ལེན་པ་བྱོན་ཡོདཔ་ད་ གཏེར་བཏོན་གྱིས་ཤིང་བཟོ་ཚུ་ལུ་གསེར་གྱི་ཀ་ཆེན་འདི་ག་ཏེ་བཏོག་ནི་ཨིན་ན་གི་ཚད་གཞི་དང་ ཁོང་ཆ་ཁྱབ་ཀྱི་ལཱ་གི་གླ་རིན་འདི་ཡང་གསེར་གྱི་ཆག་དུམ་འབག་དགོཔ་སྦེ་གསུངས་ཞིན་ན་ རྫུ་འཕྲུལ་གྱིས་མཚོ་འདི་ག་ར་ཞལ་ལུ་བཞེས་ཏེ་ཤིང་བཟོ་ཚུ་ལུ་བཏོག་བཅུག་ནུག། ཨིན་རུང་ཡང་ཤིང་བཟོ་ཚུ་གསེར་གྱི་ཆག་དུམ་མངམ་ཐོབ་པའི་རེ་མཆི་གིས་ གཏེར་བཏོན་གྱི་བཀའ་ལས་བརྒལ་ཏེ་གསེར་གྱི་ཀ་ཆེན་འདི་ཚད་གཞི་ལས་བརྒལ་ཏེ་བཏོག་མི་འདི་གཟིགས་ཏེ་ གཏེར་བཏོན་གྱིས་དབུ་གཡུག་སྟེ་འདི་ལས་བརྒལ་མ་བཏོག་ཟེར་གསུངམ་ད་ལུ་ གཏེར་བཏོན་གྱི་ཞལ་ལས་མཚོ་འདི་ཤོར་ཏེ་ཤིང་བཟོ་ཚུ་དང་གསེར་གྱི་ཀ་ཆེན་འདི་ཡང་འཕྱག་བདའ་ཡོདཔ་ཨིན་མས། དེ་ལས་མཚོ་སྨནམ་འདི་ཙིགཔ་ཟ་སྟེ་གཏེར་བཏོན་འདི་བདའ་རྐྱབ་སྟེ་བདའ་ཟུན་ནི་འབདཝ་ད་ལུ་ གཏེར་བཏོན་གྱིས་རྔ་གཅིག་བཀོ་བཏངམ་ད་མཚོ་ཆུང་ཀུ་ཅིག་འཁྱིལ་མི་ལུ་རྔ་མཚོ་དང་ དེ་བཟུམ་སྦེ་རྔས་ཏོ་བཀོཝད་འཁྱིལ་མི་མཚོ་ལུ་རྔས་མཚོ། དུང་བཀོཝད་འཁྱིལ་མི་ལུ་དུང་མཚོ་དང་རོལམོ་བཀོཝ་ད་འཁྱིལ་མི་མཚོ་ལུ་རོལ་མཚོ་དང་རོལ་བཀོ་མཚོ་ཟེར་མིང་དར་ཁྱབ་སོང་ནུག།
དེ་ལས་མཚོ་སྨནམ་དང་གཏེར་བཏོན་ཤེས་རབ་མེ་འབར་གྱི་བར་ན་ ཨཔ་ཁྱུང་བདུད་ཀྱིས་བར་མི་འབད་དེ་དཀའ་ངལ་འདི་བསལ་ཡོདཔ་ཨིན་མས། དེ་ཡང་ཨཔ་ཁྱུང་བདུད་ཀྱིས་ཟོརཝ་མཚོ་གི་སྦོ་ལོགས་ཁར་ས་གནས་རོམ་རྫུ་ཟེར་ས་ལུ་ལབ་རྩ་ཅིག་བཟོ་ཞིན་ན་ གཏེར་བཏོན་ཤེས་རབ་མེ་འབར་དང་གདུང་བརྒྱུད་ཚུ་འདི་ལས་བརྒལ་བྱོན་མ་ཆོགཔ་དང་ མཚོ་སྨནམ་ཡང་རྡོའི་ས་མཚམས་ཀྱི་ལབ་རྩ་བརྒལ་འགྱོ་མ་ཆོགཔ་སྦེ་བཟོ་ཞིན་ན་འཁམ་ཁ་བཟོ་ནུག། ནུབ་མཚོ་ནག་པ་ཊ་ལས་བཏོན་མི་གཏེར་ཚུ་ག་ར་རྫོགས་ཏེ་མཐའ་མཇུག་ལུ་ གཏེར་བཏོན་གྱི་ཕྱག་ལུ་རོལམོ་ཡ་གཅིག་འབད་མི་འདི་ལུས་ཡོད་མི་འདི་ སྤ་རོ་རྫོང་ནང་ལུ་ཕུལ་ཏེ་དུས་ད་ལྟོའི་བར་ན་ཡང་སྤ་རོ་ཚེས་བཅུ་ཉིནམ་དང་པ་ནང་ལུ་མཇལ་ཁ་གནང་དོ་ཡོདཔ་ཨིན། (ཕུརཔ་ཚེ་རིང་། གནམ་ལོ་མེད། སྤྱི་ལོ་ ༢༠༢༡)
ལོ་རྒྱུས་གཅིག་ལས་ གཏེར་སྒོ་ལཱ་གི་བྲག་བཙན་གྱིས་གཏེར་བཏོན་ཤེས་རབ་མེ་འབར་དང་མཚོ་སྨནམ་གཉིས་ཀྱི་བར་ན་འཁམ་ཁ་བཟོ་ཡོདཔ་ཨིན་རུང་ མི་ལ་ལུ་གཅིག་གིས་བྲག་བཙན་འདི་ཨཔ་ཁྱུང་བདུད་ཨིན་ཟེར་སླབ་ཨིན་མས། ལ་ལུ་ཅིག་གིས་འཁམ་ཁ་འདི་ཚལ་ལུ་ན་མཚོ་གི་ལབ་རྩ་ལུ་བྱུང་ཡོདཔ་སྦེ་བཤདཔ་ཨིན་མས། དེ་ཡང་གཏེར་བཏོན་དང་ཁོ་གི་བརྒྱུད་པ་ཚུ་ཤོ་རྔ་ནའི་གཡུས་ཚན་ནང་རྐངམ་བཀལ་ཐག་མ་ཆོགཔ་སྦེ་བཟོ་ཡོདཔ་དང་ དེ་བཟུམ་སྦེ་མཚོ་སྨནམ་ཡང་གཏེར་སྒོ་ལཱ་བརྒལ་ཏེ་མི་འགྱོ་ནིའི་ཁ་འཆམ་ནུག། ཁ་ཚིག་དེ་གིས་ཧཱ་ཤོ་རྔ་ནའི་མི་དང་སྤ་རོ་སྤང་པའི་ས་གི་མི་ཚུ་སྦོ་ལོགས་ཁར་སྦེ་འབྲེལ་བ་དམ་ཟབ་ཡོད་མི་འདི་འབྲེལ་བ་བཅད་ཡོདཔ་ཨིན་མས། དུས་ད་ལྟོའི་བར་ན་ཡང་གཏེར་བཏོན་གྱི་མི་བརྒྱུད་ཚུ་གཏེར་སྒོ་ལཱ་བརྒལ་ཏེ་ཧཱ་ཤོ་རྔ་ན་འགྱོཝ་ད་གནམ་ག་དེ་ཅིག་བཟང་སྟེ་ཡོད་རུང་ཆརཔ་རྐྱབ་ནི་ཡོདཔ་དང་ མི་ཚུ་ཡང་ཤིཝ་ཨིནམ་མ་ཚད་ཐ་ན་སེམས་ཅན་ཚུ་ཡང་ས་མཚམས་འདི་བརྒལ་ཏེ་འགྱོ་ནི་དང་ཉོ་བཙོང་འབད་བ་ཅིན་ཤིཝ་ཨིན་ཟེར་བཤདཔ་ཨིན་མས། ཨིན་རུང་མི་ལ་ལུ་ཅིག་གིས་ས་མཚམས་འདི་གིས་སྒོ་ནོར་སེམས་ཅན་ལུ་ཁྱད་མེད་ཟེར་སླབ་མི་འདི་ དེ་བསྒང་འ་ནཱི་སྟབས་མ་བདེཝ་་དོན་ལུ་བྲག་བཙན་འདི་གིས་རྡོ་མཚམས་ལྔ་རྐྱབ་ཡོདཔ་ཨིན་མས། དེ་ཡང་གངས་ཆེན་ལཱ་དང་ཟོརཝ་མཚོ་གི་བར་ནང་ཨིན་མས། འ་ནཱི་རྡོ་མཚམས་ཚུ་དེ་བསྒང་གཡག་དང་ལུག་གི་ཨ་ཝ་གིས་རྐྱབ་ཡོད་རུང་ཤུལ་ལས་རྡོ་ལུ་བསྒྱུར་ཡོད་མི་ཚུ་ ད་ལྟོ་ཡང་སྲུང་སྐྱོབ་འབད་དེ་ཡོདཔ་ཨིན་མས། འ་ནཱི་རྡོ་མཚམས་ཀྱི་ལབ་རྩ་ཚུ་ལྟཝ་ད་ཧྲམ༌ནི༌བཟུམ༌མཐོང༌རུང༌ལགཔ༌གིས༌བཤེད༌དེ༌དཀྲོགསཔ༌ ད༌ལུ༌འཇམ༌ཏོག༌ཏོ༌སྦེ༌མེདཔ༌བཏང༌མ༌ཚུགསཔ༌ཨིན༌མས།
གཏེར༌བཏོན༌འདི༌ཞིང༌ལུ༌ཕེབས༌ད༌རོལམོ༌དང༌ཟུར༌གསུམ༌འབད༌མི༌ཕུརཔ༌གཅིག༌ སྤང་པའི་ས་ལྷ་ཁང་ནང་ལུ་ཤུལ༌བཞག༌སྦེ༌བཞག༌ནུག། ཕུརཔ་ཟུར་གསུམ་འདི་སྤང་པའི་ས་ལྷ་ཁང་ནང་ལུ་ ནང་རྟེན་གཙོ་བོ་ཅིག་སྦེ་བཞུགས་ཏེ་ཡོདཔ་ཨིན་མས། གཏེར་བཏོན་འདི་གི་སྐུ་ཕུང་འདི་སྤང་པའི་ས་ལས་སྤ་རོ་རིན་སྤུངས་ལུ་བཞག་ཡོདཔ་ཨིན་མས། དེ་གི་ཤུལ་ལས་སྤང་པའི་ས་གི་མི་སེར་ཚུ་གིས་སྐུ་ཕུང་འདི་ལོག་སྤང་པའི་ས་ལུ་ གཡིབ་སྟེ་འབག་འོང་ནི་སྦེ་རིན་སྤུངས་རྫོང་གི་དབུ་རྩེ་ལས་ཡར་བཏོནམ་ད་ དབུ་རྐྱངམ་གཅིག་ཐོན་འོང་ཞིན་ན་སྐུ་ཕུང་འདི་རྫོང་གི་ནང་ན་ལུས་མི་འདི་ རྫོང་མེ་མཆོད་བཞེས་པའི་སྐབས་ལུ་འཚིག་ཡོདཔ་ཨིན་མས། ད་རེས་ནངས་པ་གཏེར་བཏོན་གྱི་དབུ་ཐོད་འདི་སྤང་པའི་ས་ལུ་ཡོད་པའི་ཨྱོན་གུ་རུའི་ལྷ་ཁང་ནང་ལུ་ ནང་རྟེན་གཙོ་བོ་ཅིག་སྦེ་བརྩི་དོ་ཡོདཔ་ཨིན་མས། སྤང་པའི་ས་མི་སེར་ཚུ་ལུ་གཏེར་བཏོན་གྱི་དབུ་ཐོད་བརྐུ་མི་གི་སྒྲིག་མཐུན་གྱི་ཉེས་ཁྲིམས་ཀྱི་ཚབ་ལུ་ གཏེར་བཏོན་གྱི་ནུབ་མཚོ་ནག་པ་ཊ་ལས་འབག་མི་རོལམོ་ཡ་གཅིགཔ་འདི་སྤྲོད་དགོཔ་ཐོན་ནུག།
མི་ལ་ལུ་གིས་ནུབ་མཚོ་ནག་པ་ཊ་འདི་གསང་སྦས་རྒེད་འོག་གི་གཡུས་བསམ་སྦས་ཨ་མ་ལུ་ཆགས་ཡོདཔ་བཤད་མི་དང་ དེ་ཡང་མཚོ་སྨནམ་གིས་ས་གོ་འདི་ཁམས་ལོག་སི་སི་ཡོད་མི་ལུ་བརྟེན་ཏེ་ས་གོ་གཞན་ཁར་སྤོ་འབགཔ་ད་ལུ་ ལམ་ཁ་ནོར་གྱི་བྱང་ས་གཅིག་ནང་ལྷོདཔ་ད་གནསཔོ་བརྙ་སྟེ་སྡོད་ཡོདཔ་ཨིན་མས། མཚོ་སྨནམ་དེ་གིས་ནོར་རྫིཔ་ལུ་བཀྲིན་དགའ་ཚོར་བཟུམ་ཅིག་སྦེ་ནུབ་གླང་གཅིག་བྱིན་ཡོད་མི་འདི་ འ་ནཱི་ཐ་ནོར་འདི་ད་ལྟོ་ཧཱ་གསང་སྦས་རྒེད་འོག་ལུ་རྐྱངམ་གཅིག་ཡོདཔ་ཨིན་མས།
མཚོ་འདི་ས་གོ་འདི་ཁར་མ་ཆགས་པའི་ཧེ་མ་ས་གོ་འདི་འབྱོག་པའི་ལཱ་ཁ་ཨིནམ་ལས་ མཚོ་སྨནམ་དེ་གིས་ལུག་རྫིཔ་ལུ་མཚོ་འདི་ས་གོ་འདི་ཁར་ཆགས་ནི་ཨིནམ་ལས་ ཁོང་ཆ་ཁྱབ་ཀྱི་སྡོད་སྒར་འདི་ས་ཆ་གཞན་ཅིག་ཁར་སྤོ་དགོཔ་སྦེ་སླབ་ནུག། དྲོ་པ་ལྟ་བའི་སྐབས་ལུ་ལུག་རྫིཔ་འདི་གིས་སྡོད་སྒར་འདི་མ་སྤོ་བར་ཡོདཔ་ལས་ མཚོ་སྨནམ་གིས་མཚོ་བཙུགས་ཏེ་ཡོད་མི་དུང་ཅུང་འདི་ཁ་ཕྱེ་བའི་སྐབས་ལུ་ མཚོ་དེ་གིས་ལུག་དང་སྡོད་སྒར་ཚུ་ག་ར་འཕྱག་བདའ་ཡོདཔ་ཨིན་མས། མི་བསོད་ནམས་ཅན་ལ་ལུ་ཅིག་གིས་ས་གོ་འདི་ཁར་གནམ་གཤིས་བཟང་བའི་སྐབས་ལུ་ རོ་ཁྱི། གཡག་དང་མི་ག་ར་ནོར་གྱི་བྱང་ས་ཆ་ཚང་གཅིག་སྦེ་མཐོང་ཚུགསཔ་ཨིན་ཟེར་སླབ་ཨིན་མས། ཚར་གཅིག་ཧཱ་ཚ་འཕེལ་གཡུས་ཚན་ནང་ལུ་ཨམ་གཅིག་གིས་མཚོ་གི་སྦོ་ལོགས་ཁར་ གོ་ལ་ཚུ་ཆུ་འཁྱུ་སྟེ་བཙོག་པ་བཟོ་མི་འདི་གིས་ ལོ་ལྔ་ཚུན་ཚོད་ག་ནི་ཡང་མ་འབད་རུང་ལོ་དྲུག་གི་ཚེ་ནོར་དང་སྒར་གཅིག་ཁར་འཕྱག་བདའ་ཡོདཔ་ཨིན་པའི་ལོ་རྒྱུས་བཤདཔ་ཨིན་མས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
ཞུན་དག༡. འབྲུག་རྒྱལ་ཡོངས་དཔེ་མཛོད་དང་གཏན་མཛོད། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཐིམ་ཕུག། ཡོངས་འབྲེལ་ཁ་བྱང་། https://www.ichlinks.com/
༢. ཕུརཔ་ཚེ་རིང་། ཕུརཔ་ཚེ་རིང་དང་གཅིག་ཁར་གསར་འཚོལ་འབད། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཕེསི་བྷུག།