ནང་སྲིད་དང་སྲོལ་འཛིན་ལྷན་ཁག།
༉ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་ལྷན་ཁག་བཅུ་ཐམ་ལས་གཅིག་ཨིན། ལྷན་ཁག་འདི་འགོ་དང་པ་ སྤྱི་ལོ་ ༡༩༦༨ རྒྱལ་བརྒྱུད་གཞུང་ཀྱི་སྤྱི་ཚོགས་ ༢༨ པའི་ནང་ ལྷན་རྒྱས་གཞུང་ཚོགས་གཞི་བཙུགས་འབད་བའི་ཤུལ་ ནང་སྲིད་ལྷན་ཁག་ཅིག་སྦེ་གཞི་བཙུགས་འབད་ནུག། ཨིན་རུང་ཤུལ་ལས་ སྤྱི་ལོ་ ༢༠༠༤ ལུ་ སྲོལ་འཛིན་ལྷན་ཚོགས་ཟེར་ཡོད་མི་འདི་ ནང་སྲིད་ལྷན་ཁག་འོག་ལུ་བཙུགས་ཏེ་ ལྷན་ཁག་འདི་གི་མིང་ཡང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ཟེར་མིང་གསརཔ་བཏགས་ཡོདཔ་ཨིན། ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་བློན་པོ་དང་པ་ སྤྱི་ལོ་ ༡༩༦༨-༡༩༨༥ ཚུན་ བློན་པོ་གཏམ་ཞིང་རྒྱ་གར་མཆོག་གིས་ཕྱག་ཞུ་ནུག།
བློན་པོ་གཏམ་ཞིང་རྒྱ་གར་གྱི་ཤུལ་ལས་ཕྱག་ཞུ་མི་ ནང་སྲིད་དང་སྲོལ་འཛིན་བློན་པོ་རིམ་བྱོན་ཡང་། སྤྱི་ལོ་ ༡༩༨༥-༡༩༩༡ ཚུན་ རྒྱལ་སྲས་བློན་པོ་རྣམ་རྒྱལ་དབང་ཕྱུག། སྤྱི་ལོ་ ༡༩༩༡-༡༩༩༨ ཚུན་ བློན་པོ་དར་གོ་ཚེ་རིང་། སྤྱི་ལོ་ ༡༩༩༨-༢༠༠༣ ཚུན་ བློན་པོ་འཕྲིན་ལས་རྒྱ་མཚོ། སྤྱི་ལོ་ ༢༠༠༣-༢༠༠༧ ཚུན་ བློན་པོ་འཇིགས་མེད་འོད་ཟེར་འཕྲིན་ལས། སྤྱི་ལོ་ ༢༠༠༧-༢༠༡༣ ཚུན་ བློན་པོ་མི་འགྱུར་རྡོ་རྗེ། སྤྱི་ལོ་ ༢༠༡༣-༢༠༡༥ ཚུན་ བློན་པོ་དམ་ཆོས་རྡོ་རྗེ། སྤྱི་ལོ་ ༢༠༡༥-༢༠༡༨ ཚུན་ བློན་པོ་ཟླ་བ་རྒྱལ་མཚན། སྤྱི་ལོ་ ༢༠༡༨-༢༠༢༡ ཚུན་ བློན་པོ་དྲགོས་ཤེས་རབ་རྒྱལ་མཚན། དེ་ལས་ ད་ལྟོ་ཕྱག་ཞུ་བཞིན་ཡོད་པའི་ནང་སྲིད་དང་སྲོལ་འཛིན་བློན་པོ་འདི་ བློན་པོ་ཨྱོན་རྡོ་རྗེ་ཨིན།
ལྷན་ཁག་འདི་གི་འཆར་སྣང་འདི་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་བསྒྲུབ་ཐབས་ཀྱི་རྒྱུ་རྐྱེན་ལུ་ བཀའ་ཁྲིམས་ངེས་བརྟན་རྒྱུན་སྐྱོང་དང་ ཆོས་དང་ལམ་སྲོལ་ཀྱི་སྙིང་བཅུད་ཚུ་ཡར་རྒྱས་དང་སྲུང་སྐྱོབ་འབད་མི་ དམངས་གཙོའི་གཞུང་སྐྱོང་གི་རྣམ་གཞག་བཀོལ་སྤྱོད་ཀྱི་ཐོག་ལས་ དབང་ཚད་ཕྱིར་སྤེལ་གྱི་བདག་སྐྱོང་ནུས་ཤུགས་ཅན་སྦེ་ལཱ་འབད་མི་ འགོ་འཁྲིད་ལས་ཚོགས་གཙོ་བོ་ཅིག་འབད་ནི་འདི་ཨིནམ་དང་། ལྷན་ཁག་གི་ དམིགས་སྐྱེད་འདི་ཡང་ འབྲུག་པའི་ལམ་སྲོལ་དང་སྲོལ་རྒྱུན་ཚུ་སྲུང་སྐྱོབས་དང་ཡར་རྒྱས་གཏང་ནི་དང་ མི་དམངས་ལུ་ནང་སྐྱོད་ཀྱི་ཁྱད་ལྡན་ ཞབས་ཏོག་བྱིན་ནི་ དེ་ལས་ མི་དམངས་ཞབས་ཏོག་འཇོན་ཐངས་ཅན་དང་ནུས་ཤུགས་ཅན་སྦེ་བྱིན་ནིའི་དོན་ལུ་ ས་གནས་ཀྱི་གཞུང་ཚུ་ལུ་རྒྱབ་སྐྱོར་དང་ལམ་སྟོན་བྱིན་ནི་དང་ མི་ཁུངས་དང་འབྲེལ་བའི་ཞབས་ཏོག་ཚུ་ གང་མགྱོགས་འཇོན་ཐངས་ཅན་སྦེ་བྱིན་ནི་འདི་ཨིན། འདི་མ་ཚད་ རྒྱལ་ཁབ་ཀྱི་བཀའ་དང་ཁྲིམས་ཀྱི་གནས་སྟངས་སྒྲིང་སྒྲིང་སྦེ་བཞག་ནི་དང་ ཞི་བའི་བདག་སྐྱོང་འཇོན་ཐངས་ཅན་སྦེ་འཛིན་སྐྱོང་འབད་ནི་ཚུ་ཡང་ཨིན།
ནང་སྲིད་དང་སྲོལ་འཛིན་ལྷན་ཁག་འོག་ལུ་ བློན་པོ་དང་དྲུང་ཆེན་ཡིག་ཚང་ དེ་ལས་ མདོ་ཆེན་ཞབས་ཏོག་ཡིག་ཚང་དང་ལས་ཁུངས་ཁག་བཞི་ ཡོདཔ་ཨིན། ལས་ཁུངས་བཞི་ཡང་ ཟུང་ཕྱོགས་མཐུན་འབྲེལ་ལས་ཁུངས་ མང་ཕྱོགས་མཐུན་འབྲེལ་ལས་ཁུངས་ མགྲོན་སྐྱོང་ལས་ཁུངས་ལུང་ཕྱོགས་མཉམ་འབྲེལ་ལས་ཁུངས་ཚུ་ཨིན། ལྷན་ཁག་འདི་ནང་ཕྱག་ཞུ་མི་ འགོ་འཛིན་བློན་པོ་གྱིས་གཙོས་པའི་ དྲུང་ཆེན་དང་མདོ་ཆེན་ དེ་ལས་ ལས་ཁུངས་ཁག་གི་གཙོ་འཛིན་དང་འགོ་དཔོན་ཚུ་ཨིནམ་དང་ ལྷན་ཁག་འདི་གིས་ ད་རེས་གོང་གི་འཆར་སྣང་དང་དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ ལྷན་ཁག་གི་འགན་དབང་ཚུ་ དྲང་བདེན་དང་དྭངས་གསལ་ དེ་ལས་ དམ་ཚིག་གཙོ་གཟུང་གི་ཐོག་ལས་ཕྱག་ཞུ་བཞིན་ཡོདཔ་ཨིན།
ཁུངས་གཏུག།
ཞུན་དག- Wikipedia Contributors. (2021). Ministry of _Home_and_Cultural_Affairs (Bhutan). In Wikipedia, The Free Encyclopedia. Retrieved from # https://en.wikipedia.org//wiki/Ministry_of_Home_and_Cultural_Affairs_(Bhutan)