དལ་འབྱོར་རྙེད་དཀའ།

ཞུན་དག

དལ་འབྱོར་རྙེད་དཀའ་ཟེར་མི་འདི་ མ་ཤེས་པའི་ཧེ་མ་མི་ལུས་ལུ་དབྱེ་བ་ག་དེམ་ཅིག་ཡོདཔ་ཨིན་ན་ཤེས་དགོཔ་ཁག་ཆེ་ དེ་ཡང་ག་ཅིག་ར་སྨོ་ཟེར་བ་ཅིན མི་ལུས་ལུ་དབྱེ་བ་བཞི་ཡོདཔ་ཨིན ༡ ༽ མི་ལུས་ཙམ་པ་བ། ༢ ༽ མི་ལུས་འགྱུར་པོ་བ། ༣ ༽ ཁྱད་པར་བ། ༤ ༽ མི་ལུས་རིན་ཆེན་ཟེར་ བཞི་ཡོད་པའི་ནང་ལས་ བཞི་པ་མི་ལུས་རིན་ཆེན་ཟེར་མི་འདི་ལུ་སླབ་ཨིན། དལ་འབྱོར་རྙེད་དཀའ་གི་གོ་དོན། དལ་ཟེར་མི་འདི་ མི་ཁོམས་པའི་གནས་བརྒྱད་ལས་གྲོལ་ཏེ་ ནང་པའི་ཆོས་སྒྲུབ༌པར༌ཁོམས༌མི༌འདི་ལུ་སླབ་ཨིན། དཔེར་ན ད་རིས་ང་དལ་ཁོམས་ཡོད་ཁྱོད་ཀྱི་ཆ་རོགས་འབད་ཁོམས་ཟེར་སླབ་དོ་བཟུམ་ཅིག་དང་ སྐབས་སུ་འབབ་པ་དལ་གྱི་དོན་བརྡ་འདི་ནང་པའི་ཆོས་སྒྲུབ་པར་ཁོམས་མི་ཅིག་ལུ་གོཝ་ཨིན། འབྱོར་ཟེར་མི་འདི་ མཐུན་རྐྱེན་ཅིག་ལུ་སླབ་ཨིན ག་དེ་འབད་སྨོ་ཟེར་བ་ཅིན་ ད་ལྟོ་དལ་འབྱོར་རྙེད་དཀའ་བཤད་པའི་སྐབས་ ནང་པའི་ཆོས་སྒྲུབ་པ་ལུ་ རང་ལས་དགོ་པའི་མཐུན་རྐྱེན་ལྔ་དང་ གཞན་ལས་ཚང་དགོ་པའི་མཐུན་རྐྱེན་ལྔ་བསྡོམས༌ མཐུན་རྐྱེན་བཅུ་ཚང་མི་འདི་ལུ་འབྱོར་པ་བཅུ་ཟེར་སླབ་ཨིན། རྙེད་དཀའ་ཟེར་མི་འདི་ མི་ཁོམས་པའི་གནས་བརྒྱད་ལས་གྲོལ་ འབྱོར་པ་བཅུ་ཚང་བའི་མི་ལུས་རིན་ཆེན་འདི་ཐོབ་པ་ལུ་རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ལས་འཐོབ་པར་དཀའ་ཟེར་བའི་དོན་སྟོནམ་ཨིན།

མི་ཁོམས་པའི་གནས་བརྒྱད་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་དག་མི་ཁོམས་བརྒྱད། །ཅེས་གསུངས་འདུག དམྱལ་བ་ལུ་སྐྱེས་བ་ཅིན་ཚ་བ་བརྒྱད་དང་གྲངས་བ་བརྒྱདཀྱིས་སྡུག་བསྔལ་གྱི་ཆོས་སྒྲུབ་པ་ལུ་མི་ཁོམས། ཡི་དྭགས་ལུ་སྐྱེས་བ་ཅིན་བཀྲེས་སྐོམ་གྱི་སྡུག་བསྔལ་གྱིས་ཆོས་སྒྲུབ་ལུ་མི་ཁོམས། དུད་འགྲོ་ལུ་སྐཡེས་བ་ཅིན་བླུན་རྨོངས་བཀོལ་སྤྱོད་ཀྱི་སྡུག་བསྔལ་གྱིས་ཆོས་སྒྲུབ་པ་ལུ་མི་ཁོམས། ལྷ་ཚེ་རིང་ལུ་སྐྱེས་བ་ཅིན་འདུ་ཤེས་མེད་པ་ཡང་ན་འདི་དང་འདི་ཨིན་ཟེར་བའི་བནོ་བསམ་བཏང་ནི་མེད་ནི་འདི་གིས་ཆོས་སྒྲུབ་པ་ལུ་མི་ཁོམས། ཡུལ་མཐའ་འཁོབ་ཡང་ན་སངས་རྒྱས་འཇིག་རྟེན་ནང་བྱོན་རུང་སངས་རྒྱས་ཀྱི་ཆོས་མ་དར་བའི་གཡུས་ལུ་སྐྱེས་རུང་ཆོས་སྒྲུབ་པ་ལུ་མི་ཁོམས། ལོག་ལྟ་ཅན་ལུ་སྐྱེས་རུང་ནང་པའི་ཆོས་སྒྲུབ་པ་ལུ་མི་ཁོམས། མུན་པའི་བསྐལ་པ་ཟེར་མི་འདི་སངས་རྒྱས་འཇིག་རྟེན་ནང་མ་འབྱོན་པའི་གླིང་ཅིག་ལུ་སླབ་ཨིན་ འདི་ལུ་སྐྱེས་བ་ཅིན་དཀོན་མཆོས་གསུམ་ཟེར་མི་མིང་ཅིག་ཡང་མ་གོ་བར་ ཆོས་སྒྲུབ་པ་ལུ་མི་ཁོམས། ལྐུགས་པ་ཟེར་མི་འདི་ལུ་གཉིས་ཡོད་ ངག་གི་ལྐུགས་པ་དང་ ཡིད་ཀྱི་ལྐུགས་པ་ཟེར་སླབ་ཨིན། དང་པོ་ངག་གི་ལྐུགས་པ་འདི་ཁ་སླབ་མ་ཤེས་མི་འདི་ལུ་སླབ་ཨིན གཉིས་པ་ཡིད་ཀྱི་ལྐུགས་པ་ཟེར་མི་འདི་སེམས་ལཱ་འབད་མ་བཏུབ་ཡང་ན་སེམས་འཆོལ་ལོ་ཡར་སོང་མའི་ཅིག་ལུ་ཡང་སླབ་ཨིན་ འདི་ལུ་སྐྱེས་རུང་ཆོས་སྒྲུབ་ནུ་ལུ་མི་ཁོམས་པ་དང་བརྒྱད་ཡོདཔ་ཨིན།[]

འབྱོར་པ་བཅུ་ལས་དང་པོ་ རང་འབྱོར་ལྔ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། མིར་གྱུར་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཟེར་གསུངས་འདུག མི་ལུས་ཐོབ་ནི་འདི་གིས་ལུས་རྟེན་ཁྱད་པར་ཅན་གྱི་འབྱོར་པ། ཡུལ་དབུས་སུ་སྐྱེས་པ་ཟེར་མི་འདི་སངས་རྒྱས་ཀྱི་ཆོས་དར་བའི་གཡུས་ལུ་སྐྱེས་ནི་འདི་གིས་ཡུལ་ཁྱད་པར་ཅན་གྱིས་འབྱོར་པ། དབང་པོ་ཚང་བ་ཟེར་མི་འདི་མིག་གི་དབང་པོ་ལ་སོགས་ལྔ་ཚང་ནི་འདི་གིས་དབང་པོའི་ཡོན་ཏན་ཁྱད་པར་ཅན་གྱི་འབྱོར་པ། དགེ་ལ་མོས་པ་ཟེར་མི་འདི་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ལུ་ཡིད་ཆེས་ཡོད་ནི་འདི་གིས་བསམ་པ་ཁྱད་པར་ཅན་གྱི་འབྱོར་པ། བསྟན་པ་ལུ་དད་པ་ཟེར་མི་འདི་སངས་རྒྱས་ཀྱི་ཆོས་ལུ་དད་པ་ཡོད་ནི་འདི་གིས་རང་རྒྱུད་དད་པའི་འབྱོར་པ།

གཞན་འབྱོར་ལྔ་ནི། ཀླུ་སྒྲུབ་ཀྱིས། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཟེར་གསུངས་དོ་བཟུམ་སྦེ། སངས་རྒྱས་འཇིག་རྟེན་ནང་བྱོན་ནི་འདི་གིས་སྟོན་པ་ཁྱད་པར་ཅན་གྱི་འབྱོར་པ། ལུང་དང་རྟོགས་པའི་ཆོས་གསུངས་ནི་འདི་གི་དམ་པའི་ཆོས་ཀྱི་འབྱོར་པ། རྒྱལ་བའི་བསྟན་པ་གནས་པ་ཟེར་མི་འདི་ད་རིས་ཀྱི་དུས་ཚེ་འདི་ནང་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་འདི་ནང་མེད་རུང་ཁོ་གིས་གསུངས་པའི་ལུང་དང་རྟོགས་པའི་ཆོས་གཉིས་དར་ཡོད་ནི་འདི་གིས་དུས་ཁྱད་པར་ཅན་གྱི་འབྱོར་པ། རང་ཉིད་བསྟན་པའི་སྒོར་ཞུགས་པ་ཟེར་མི་འདི་སངས་རྒྱས་ཀྱི་གསུངས་མི་ཆོས་འདི་ལུ་རང་གི་ཉམས་སུ་བླངས་ནིའི་གོ་སྐབས་་ཐོབ་ནི་འདི་གིས་རང་གི་སྐལ་པའི་འབྱོར་པ། དགེ་བའི་བཤེས་གཉེན་གྱི་ཟིན་པ་ཟེར་མི་འདི་སངས་རྒྱས་བསྟན་པའི་སྒོར་ཞུགས་ནང་ཆོས་ཀྱི་གོ་བརྡ་ལེགས་ཤོམས་སྦེ་གསུངས་མི་བླམ་སློབ་དཔོན་དང་མཇལ་ནི་འདི་གིས་ལྷག་པས་ཐུགས་རྗེས་འབྱོར་པ་ཟེར་སླབ་ཨིན།

ཚེ་མི་རྟག་བསྒོམ་པ།

ཞུན་དག

ཚེ་མི་རྟག་པ་་ཟེར་མི་དོན་བརྡ་འདི སྐྱེས་བའི་ཉིནམ་ལས་འགོ་བཟུང་མ་ཤི་ཚོན་ཚེ་གི་བར་ནང་ སྲོག་གི་དབང་པོ་མ་འགག་པར་སྡོད་མའི་འདི་ལུ་ཚེ་ཟེར་སླབ་ཨིན འདི་བཟུམ་སྦེ་མི་རྟག་པ་ཟེར་མི་འདི་མི་དང་སེམས་ཅན་ཅཱ་ལ་ག་ཅིག་བཟུམ་ཅིག་ཨིན་རུང་དུས་ཨ་རྟག་ར་རང་དབང་སྦེ་སྡོད་ནི་མེད་པ་ སྐར་ཆ་གཅིག་་དང་གཉིས་ལུ་ཡང་མེདཔ་འགྱོ་བའི་རང་བཞིན་ཅིག་ལུ་སླབ་ཨིན།


སེམས་ཅན་ལ་བསམ་སྟེ་མི་རྟག་པ་བསྒོམ་ཚུལ་། སྐྱེ་བའི་ལམ་ལས་འོང་མི་་ཉིནམ་ལས་འགོ་བཟུང་མ་ཤི་བར་སྡོད་མི་ མི་དང་དུད་འགྲོ་སེམས་ཅན་ག་ར་ཨིན་རུང་ དེ་ཤི་འོང་ག་ མི་ཤི་ཟེར་བའི་ཐེ་ཚོམ་ཆུང་ཀུ་ཅིག་ཡང་མེད་པ་ག་ར་ཤི་བའི་ལམ་ལས་འགྱོཝ་ཐག་ཆོདཔ་ཨིན། ཕྱི་སྣོད་ཀྱི་འཇིག་རྟེན་འཛམ་བུ་གླིང་འདི་ནང་ཡོད་མའི་རང་ལུ་མཐུན་རྐྱེན་སྦེ་ཚོར་མི་ཕྱི་དངོས་པོའི་ཅཱ་ལ་ སྣུམ་འཁོར་ ཁྱིམ་ལ་སོགས་པ་འདི་ཚུ་ག་ར་རང་ལུ་ཤི་བའི་རྐྱེན་སྦེ་འགྱོཝ་ཨིན ཤི་བའི་ཚེ་རང་ལུ་ཡོད་པའི་ མཁས་པའི་གཏམ ཕྱུག་པོའི་རྒྱུ་ནོར དཔའ་བའི་དཔུང་ འདི་ཚུ་ག་ཅིག་གི་ཡང་ཤི་བའི་ཚེ་རང་ལུ་མི་ཕན་པར་ འདི་ཚུ་ལུ་ཆགས་པའི་ཞན་པ་འདི་གིས་ལོག་འཁོར་བ་ནང་སྐྱེ་བའི་རྐྱེན་སྦེ་འགྱོཝ་ཨིན། མདོ་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་དེ། །སང་གི་ཚེ་ལ་མ་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཟེར་གསུངས་དོ་བཟུམ་སྦེ། ནངས་པ་ཟེར་བའི་ཉིནམ་འདི་དང་ ཚེ་ཕྱི་མ་འཇིག་རྟེན་ཕ་རོལ་གྱི་ཉིནམ་གཉིས་ལས་ཧེ་མ་ག་འོང་ག་མི་ཤེས་ དེ་འབད་ནི་འདི་གིས ནངས་པ་གི་དོན་ལུ་མ་འབད་བར་ ཚེ་ཤུལ་བའི་དོན་ལུ་མནོ་བསམ་བཏང་་ལཱ་འབད་དགོས་ཟེར་བའི་དོན་སྟོན་དོ་བཟུམ་སྦེ མ་ཤི་བར་སྡོད་པའི་དུས་ཚེ་འདི་ནང་འདོད་པའི་ཡོན་ཏན་འདི་ཚུ་ལུ་སེམས་གཡེང་འདི་མ་འགྱོ་བར་ཤི་ནི་ཟེར་མི་འདི་རང་ལུ་དངོས་སུ་སྦེ་མ་འབྱུངམ་ཅིག་ལས་ཤི་ནི་འདི་སེམས་ཁར་དྲེན་ ཤི་བའི་ཚེ་ འདི་ལུ་ཕན་པའི་དམ་པའི་ཆོས་ཡང་དག་ཅིག་བསྒོམ་དགོཔ་ཨིན།

སྐྱེས་བུ་དམ་པ་བསམ་སྟེ་མི་རྟག་པ་བསྒོམ་པ། ད་ལྟ་གི་དུས་བསྐལ་པ་བཟང་པོའི་དུས་ཚེ་སྐལ་བཟང་གི་སངས་རྒྱས་སྟོང་ཕྲག་ལྷག་ཙམ་འབྱོན་ནིའི་ལུང་བསྟན་དང་ལྡན་་པའི་གླིང་ འདས་པའི་སངས་རྒྱས་འཁོར་བ་རྗེ་ སྲིད་ཐུབ་ འོད་སྲུང་ལ་སོགས་པར་ག་ར་ས་དང་ལམ་གྱི་ཡོན་ཏན་ལུ་དབང་འབྱོར་ མངོན་ཤེས་དང་རྫུ་འཕྲུལ་ལུ་ཐོགས་པ་མེད་པ་མཁྱེན་པའི་སངས་རྒྱས་ག་ར་མྱང་ངན་ལས་འདས སངས་རྒྱས་ཚུ་གི་གསུངས་མི་བསྟན་པའི་དམ་ཆོས་ཚུ་ཡང་ནུབ་ ཁོང་གི་སྟོན་པའི་རྒྱལ་ཚབ་བསྟན་པ་སྲུང་བའི་ཉན་ཐོས་དང་དགྲ་བཅོམ་པ་ལེ་ཤ་ཅིག་འབྱོན་འདི་འབད་རུང་རིམ་པ་བཞིན་དུ་ཞིང་ལུ་གཤེགས་ འདི་བཟུམ་སྦེ་ འཕགས་པའི་ཡུལ་ལུ་ལུང་བསྟན་གྱི་ཟིན་པའི་དགྲ་བཅོམ་པ་ རྒྱན་དྲུག་མཆོག་གཉིས་ གྲུབ་ཐོབ་བརྒྱད་ཅུ་ལ་སོགས་པ་བྱོན་འདི་འབད་རུང་ད་ལྟོ་གི་དུས་ལུ་ལོ་རྒྱུ་ཙམ་ཅིག་མ་གཏོགས་དངོས་སུ་སྦེ་གཅིག་ཡང་མཇལ་བའི་བསོད་ནམས་མ་འབྱུང་། བོད་གངས་ཅན་གྱི་གཡུས་ལུ་ མཁས་པ་དང་པནྡིཏ་རྙིང་མའི་སོ་ཟུར་གནུབས་གསུམ གསར་མའི་མར་མི་དྭགས་གསུམ འདི་ཚུ་ག་ར་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་ གྲུབ་པའི་གོ་འཕང་བརྙེས འབྱུང་བ་བཞི་ལུ་རང་དབང་ཐོབ་འདི་འབད་རུང་ད་ལྟོ་གི་དུས་ལུ་ཁོང་གི་རྣམ་ཐར་དང་ལོ་རྒྱུ་ཙམ་ཅིག་ཨིན་ དེ་འབད་ནི་་འདི་གིས་སྐྱེས་བུ་དམ་པ་ཁོང་བཟུམ་ལུ་ཡང་མི་རྟག་པའི་ལམ་ལུ་འགྱོ་དགོཔ་འདྲཝ་ཅིག་འབད་བ་ཅིན་ང་བཅས་བཟུམ་གྱི་སེམས་ཅན་ལུ་རང་དབང་སྦེ་སྡཽད་ནི་མེདཔ་ལས་བརྟེན་ཚེ་མི་རྟག་པ་བསྒོམ་དགོཔ་ཨིན།

[]

  1. ༡.༠ ༡.༡ ISBN 978-99936-22-89-5