མནོ་ཅན་སེམས་ཅན་མིའི་སྡུག་བསྔལ་གྱི་སྐོར། ཞུན་དག།

ཇི་སྐད་དུ། མངལ་འཇུག་གི་མདོ་ལས།

དེ་བཞིན་དུ་སྐྱེ་བ་ཡང་སྡུག་བསྔལ་ལོ། །རྒ་བ་ཡང་སྡུག་བསྔལ་ཡིན་ནོ། །

ན་བ་ཡང་སྡུག་བསྔལ་ཡིན་ནོ། །འཆི་བ་ཡང་སྡུག་བསྔལ་ཡིན་ནོ། །

སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་ཕྲད་པ་ཡང་སྡུག་་བསྔལ་ཡིན་ནོ། །

གང་འདོད་པ་བརྩམས་་ཏེ་མ་རྙེད་པ་ཡང་སྡུག་བསྔལ་ཡིན་ནོ། །ཡོད་པ་བསྲུང་དཀའ་བ་ཡང་སྡུག་བསྔལ་ཡིན་ནོ། ། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས་ ༧༠) དང་པོ་སྐྱེ་བ། སྐྱེ་གནས་ལུ་བཞི་ཡོདཔ་ད་ ཕལ་ཆེར་མངལ་ལས་སྐྱེ་བའོ།།། སེམས་ཅན་རང་སོའི་ལས་བཟང་ངན་དབང་གིས་ ཡང་མ་དག་པའི་འདུ་ཤེས་བཅུ་འབྱུང་དོ་ཡོདཔ་མས། དེ་ཡང་། བདག་ནི་གཞལ་མེད་ཁང་དུ་འཇོག་གོ་སྙམ་པ་དང་། ཁང་པ་བརྩེགས་པའི་སྟེང་དུ་འཇོག་གོ་སྙམ་པ་དང་། ཁྲི་ལ་འཛེག་གོ་སྙམ་པ་དང་། རྩྭའི་སྤྱིལ་པོར་འཇུག་གོ་སྙམ་པ་དང་། ལོ་མའི་ཁྱིམ་དུ་འཇོག་གོ་སྙམ་པ་དང་། རྩྭ་གསེབ་ཏུ་འཛུལ་ལོ་སྙམ་པ་དང་། ནགས་ཀྱི་ནང་དུ་འཇུག་གོ་སྙམ་པ་དང་། རྩིག་པའི་བུ་གར་འཛུལ་ལོ་སྙམ་པ་དང་། སོག་མའི་གསེབ་ཏུ་འཛུལ་ལོ་སྙམ་དུ་སེམས་པ་སྟེ། དེ་ལྟར་སེམས་པ་དང་། ཕ་མ་འཁྲིག་པ་སྤྱོད་པ་དེ་ཐག་རིང་པོ་ནས་ཀྱང་མཐོང་ནས་དེར་འགྲོ་ཟེར་ ཐར་པ་རིན་པོ་ཆེའི་རྒྱན་ལས་གསུངས་སོ། །དེ་ཡང་དགེ་བ་ཆེན་པོ་བསགས་པའི་ སྐྱེ་གནས་རབ་རྣམས་ཀྱིས་ གཞལ་མེད་ཁང་དང་། ཁང་པ་བརྩེགས་པ་ལ་སོགས་མཐོང་སྟེ་དེར་བརྒལ་འགྲོའོ། །དགེ་བ་འབྲིང་དུ་བསགས་པ་དང་ སྐྱེ་གནས་འབྲིང་རྣམས་ཀྱིས་ རྩྭའི་སྤྱིལ་བུ་ལ་སོགས་པ་མཐོང་སྟེ་ དེར་བརྒལ་འགྲོའོ། །དགེ་བ་མ་བསགས་པ་སྐྱེ་གནས་ངན་པ་རྣམས་ཀྱིས་ རྩིག་པའི་བུ་ག་ལ་སོགས་པ་མཐོང་སྟེ་ དེར་བརྒལ་འགྲོའོ། །ག་དེམ་ཅི་སྦེ་་རང་ཕོའི་ལུས་ལུ་ སྐྱེ་བ་ལེན་ནི་ཨིན་པ་ཅིན་ ཕ་མ་གཉིས་འཁྲིག་པ་སྤྱོད་པའི་སྐབས་ མ་ལུ་ཆགས་པ་སྐྱེ་ནི་དང་ ཕ་ལུ་ཞེ་སྡང་སྐྱེ་སྟེ་འགྲོའོ།། དེ་ལས་ག་དེམ་ཅིག་སྦེ་་རང་མོ་ལུས་ལུ་ སྐྱེ་བ་ལེན་ནི་ཨིན་པ་ཅིན་ ཕ་ལུ་ཆགས་པ་དང་ མ་ལུ་ཞེ་སྡང་སྐྱེ་སྟེ་འགྲོའོ། །དེ་ལས་འགོ་བཟུང་སྟེ་ ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་མངལ་དུ་གནས་དགོཔ་མས། ཟླཝ་འབད་བ་ཅིན་བརྒྱད་དམ། ཟླ་བ་དགུ་འམ་བཅུ་གི་བར་མངལ་དུ་གནས་དགོཔ་ཨིན། མངལ་ནང་ཨ་ལུ་ཡོད་པའི་སྐབས་ མ་གིས་ཟས་ག་ཅི་ཟ་རུང་ ཨ་ལུའི་དོན་ལུ་སྡུག་བསྔལ་གྱི་རྒྱུ་ཅིག་ཨིན། དེ་ཡང་མ་གིས་ཟས་ཚ་ཏོམ་ཟཝ་ད་ ཚ་བའི་སྡུག་བསྔལ་དང་། ཁོད་སི་སིའི་ཟས་ཟཝ་ད་ ཨ་ལུ་གྲང་བའི་སྡུག་བསྔལ་མྱོང་འོང་། དེ་ལས་ཨ་ལུ་ཆགས་ཡོད་པའི་ ཕ་མ་གཉིས་འཁྲིག་པ་སྤྱོད་པ་ཅིན་ ཨ་ལུ་ལུ་ལྕགས་རྣོས་ཁེག་ཁེ་གིས་ བརྡུང་དོ་བཟུམ་མའི་སྡུག་བསྔལ་ཡོད། མངལ་གྱི་གནས་སྐབས་ལྔ་། མེར་མེར་པོ་དང་། ནུར་ནུར་པོ་དང་། ལྟར་ལྟར་པོ་དང་། མཁྲང་འགྱུར་བ་དང་། རྐང་ལག་འགྱུར་བའོ། མངལ་འཇུག་གི་མདོ་ལས།
དང་པོ་མེར་མེར་པོ་ལས་ནི།། ཤ་ཡི་ཆུ་བུར་སྐྱེ་བར་འགྱུར།།
ཆུ་བུར་ལས་ནི་ལྟར་ལྟར་སྐྱེ།། ལྟར་ལྟར་པོ་ནི་མཁྲང་བར་འགྱུར།།
མཁྲང་བ་རྣམ་པར་འགྱུར་ནས་ནི།། མགོ་དང་ཡན་ལག་བཞི་སྐྱེས་པས།།
རུས་པ་འདུས་ནས་ལུས་གྲུབ་པ།། ཐམས་ཅད་ལས་ནི་རྒྱུ་ལས་བྱུང་།། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས ༧༤)

མེར་མེར་པོའི་སྐབས་ བདུན་ཕྲག་དང་པོ་ལས་མའི་མངལ་དུ་ རྫམ་ཚ་ཏོམ་ནང་བཙོ་དོ་བཟུམ་ མི་བཟོད་པའི་སྡུག་བསྔལ་མྱོང་དགོ། དེའི་དབྱིབས་འབྲས་ཀྱི་ཁུ་བ་དང་འདྲའོ།། ནུར་ནུར་པོའི་སྐབས་ བདུན་ཕྲག་གཉིས་པ་ལུ་ དེའི་དབྱིབས་ཨོ་ཞག་ཟས་དང་འདྲའོ།། ལྟར་ལྟར་པོའི་སྐབས་ བདུན་ཕྲག་གསུམ་པ་ལུ་ དེའི་དབྱིབས་འབུཔ་གྱོག་མོ་དང་འདྲའོ།། དེ་ལས་བདུན་ཕྲག་བདུན་པ་ལུ་ ལགཔ་དང་རྐངམ་གཉིས་བྱུང་སྟེ་ མི་སྟོབས་དང་ལྡན་པའི་མི་གིས་ རྐང་ལག་གཉིས་འཐེན་འདྲུད་དང་། བཀོ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བ་དང་། བདུན་ཕྲག་བཅུ་གཅིག་ལུ་ བུ་ག་དགུ་འབྱུང་བའི་ཚེ་ རྨ་གསརཔ་མཛུབ་མོ་གིས་སློང་བ་དང་འདྲ་བའི་ སྡུག་བསྔལ་ཡོད། མཐའ་མཇུག་ལུ་མའི་མངལ་ལས་འབྱུང་བའི་སྐབས་ ལ་ལུ་མངལ་ནང་ཤི། ལ་ལུ་མ་དང་མཉམ་ཤི། དེ་ལས་མ་ཤི་རུང་ རང་གི་ལུས་རྩིགཔ་གུར་ ཤུགས་འཕྱག་པ་ཙམ་གྱི་སྡུག་བསྔལ་ཡོད། གཉིས་པ་རྒ་བའི་སྡུག་བསྔལ། དེ་ཡང་མདོར་བསྡུ་བ་ཅིན་བཅུ་ཐམ་ཡོད་དེ། གཟུགས་ཡོངས་སུ་འགྱུར་བ་དང་། སྐྱ་ཡོངས་སུ་འགྱུར་བ་དང་། པགས་ཀོ་ཡོངས་སུ་འགྱུར་བ་དང་། ཁ་དོག་ཡོངས་སུ་འགྱུར་བ་དང་། སྟོབས་ཤུགས་ཡོངས་སུ་འགྱུར་བ་དང་། གཟི་བརྗིད་ཡོངས་སུ་འགྱུར་བ་དང་། བསོད་ནམས་ཡོངས་སུ་འགྱུར་བ་དང་། ནད་མེད་ཡོངས་སུ་འགྱུར་བ་དང་། སེམས་ཡོངས་སུ་འགྱུར་བ་དང་། གནས་སྐབས་མཐའ་མཇུག་ལུ་ཤི། ཟེར་ཐར་པ་རིན་པོ་ཆེའི་རྒྱན་ལས་གསུངས་སོ། །གཟུགས་ཡོངས་སུ་འགྱུར་བ། ཧེ་མ་གཟུགས་ཕྲང་ཏང་ཏ་ཡོད་མི་འདི་ ལོ་ན་རྒསཔ་ད་སྒལ་ཏོ་མར་བཀུག་སྟེ་འགྱོ་འོང་། །སྐྱ་ཡོངས་སུ་འགྱུར་བ། སྐྱ་གནགཔོ་འཇམ་ཅུག་ཅུ་འོད་ཆེམ་ཆེ་ཡོད་མི་ཚུ་ གེ་ར་དཀརཔོ་དང་། དཔྱལ་ཐེ་ལུ་འགྱོ་འོང་། །པགས་ཀོ་ཡོངས་སུ་འགྱུར་བ། པགས་ཀོ་མཛེས་ཏོག་ཏོ་སྦེ་ཡོད་མི་འདི་ གཉེར་མ་ཆགས་ནི་དང་། བཅག་དཀྲུམ་འབད་འབདཝ་བཟུམ་འགྱོ་འོང་། །ཁ་དོག་ཡོངས་སུ་འགྱུར་བ། དགོང་འོད་ཆེམ་ཆེ་དང་། མེ་ཏོག་པདྨ་ཁ་རྒྱས་པ་བཟུམ་ཡོད་མི་འདི། སྐྱ་སེར་མེ་ཏོག་རྙིངམ་བཟུམ་འགྱོ་འོང་། །སྟོབས་ཤུགས་ཡོངས་སུ་འགྱུར་བ། སྙིང་སྟོབས་དང་སྤྲོ་སེམས་ཡོད་མི་ཚུ་གེ་ར། སྟོབས་ཉམས་ཏེ་ ལུས་དང་སེམས་གཉིས་ག་ནི་ལུ་ཡང་སྤྲོ་བ་མེདཔ་སྦེ་འགྱོ་འོང་། ། གཟི་བརྗིད་ཡོངས་སུ་འགྱུར་བ། ཧེ་མ་གུས་ཞབས་དང་བསྟོད་པ་ཡོད་རུང་། རྒསཔ་ད་དོན་མེད་ཀྱི་མིའི་མིག་ཁར་ཡང་མི་མཛེས་ནི་དང་། འཇིགས་སྣང་ཆེ་ནི་དང་། དེ་ལས་བུ་ཚའི་བློ་བཙོང་དུ་ཆེ་བར་འགྱོ་འོང་། །བསོད་ནམས་ཡོངས་སུ་འགྱུར་བ། རང་གི་རྒྱུ་ནོར་དང་ཟ་སྤྱོད་ག་དེ་ཅིག་ཡོད་རུང་། རྒསཔ་ད་ལུས་ཀྱི་དྲོད་མི་ཚོར། ཁ་གིས་རོ་མི་ཚོར་ལ་སོགས་པ་ལུ་འགྱོ་འོང་། །ནད་མེད་ཡོངས་སུ་འགྱུར་བ། ནད་ཆེ་ཤོས་འདི་ལོ་ན་རྒས་པའི་ནད་ཨིནམ་ལས་ ནད་གཞན་ཐམས་ཅད་དེ་ལས་དྲངས་སྟེ་སྡུག་བསྔལ་ལོ། །སེམས་ཡོངས་སུ་འགྱུར་བ། བློ་སླབ་མི་དང་ལཱ་འབད་མི་ཚུ་ འདི་འཕྲོ་ལས་ར་བརྗེད་དེ་སེམས་ནུས་པ་མེདཔ་འགྱོ་འོང་།།གནས་སྐབས་མཐའ་མཇུག་ལུ་ཤི་བ། མཇུག་ལུ་དབུགས་མ་ལངམ་འགྱོ། སྒྲ་ངར་ངར་པོ་འབྱུང་། དེ་ལས་མི་རྟག་པ་ལ་ཐག་ཉེ་བའོ། །དེ་ཡང་འཕགས་པ་རྒྱ་ཆེ་རོལ་པ་ལས། (༢༠༠༥ ཤོག་གྲངས་ ༧༧) རྒས་པས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། །རྒས་པས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་ཉམས། །རྒས་པས་བདེ་བ་འཕྲོག་ཅིང་སྡུག་བསྔལ་བསྐྱེད། །རྒས་པས་འཆི་བྱེད་རྒས་པས་མདངས་ཀྱང་འཕྲོག ། ཅེས་གསུངས་སོ། ། གསུམ་པ་ན་བའི་སྡུག་བསྔལ། མདོར་བསྡུ་བ་ཅིན་ན་བའི་སྡུག་བསྔལ་རྣམས་པ་བདུན་ལུ་བསྡུ་ཚུགསཔ་ཨིན། དེ་ཡང་འཕགས་པ་རྒྱ་ཆེ་རོལ་པའི་མདོ་ལས། ནད་བརྒྱ་མང་དང་ནད་འཐིབས་སྡུག་བསྔལ་གྱིས། །འགྲོ་བ་གཙོས་ཏེ་མི་ཡི་ཡི་དྭགས་བཞིན། །ཟེར་གསུངས་ཡོད་དོ་བཟུམ། ན་ཟུག་དྲག་པོ་ཅིག་གིས་བཏབ་པའི་སྡུག་བསྔལ། དཔྱད་པ་རྩུབ་མོ་བྱེད་པའི་སྡུག་བསྔལ། སྨན་ཚ་བ་ཟེར་ཁབ་ལ་སོགས་ལ་བརྟེན་པའི་སྡུག་བསྔལ། བཟའ་འཐུང་ཞིམ་པ་ཐོབ་འདོད་ཡོད་ཀྱང་མ་ཐོབ་པའི་སྡུག་བསྔལ། སྨན་བཅོས་ཀྱི་སྐབས་ཁ་བསྲུང་འབད་དགོས་པའི་སྡུག་བསྔལ། བསགས་བསགས་པའི་རྒྱུ་ནོར་ཚུ་ཟད་པའི་སྡུག་བསྔལ། ཤི་བ་དོགས་པའི་ཕྱིར་དུ་དཀའ་བ་སྤྱད་པའི་སྡུག་བསྔལ་བཅས་བདུན་ཡོད་ཟེར་ ཐར་པ་རིན་པོ་ཆེའི་རྒྱན་ལས་གསུངས་སོ། །བཞི་པ་འཆི་བའི་སྡུག་བསྔལ་ནི། རང་ཤི་རན་པའི་བསྒང་ལས་ ཟ་ཁམས་བཀག། སྐྱབས་འབད་མི་ག་ཡང་མེད། གཉེན་དང་གྲོགས་ཡོད་རུང་ ཤི་བའི་རྐྱེན་འདི་ལས་དོགས་ཚུགས་མི་ག་ཡང་མེད། ཁ་སྐོམ་པའི་སྡུག་བསྔལ་མྱོང་། གཟུགས་ཀྱི་སྟོབས་ཤུགས་ནི་ཉམས། ཁ་ཆུ། ཆུ་སེར། ལྷབ་་ལ་སོགས་པའི་མི་གཙང་བ་རྣམས་ཀྱིས་ནི་ལུས་གང་། རང་གི་ཆབ་གསང་རང་གིས་བསྡམས་་མ་ཚུགསཔ་ཐལ་བའི་བསྒང་་ལས་ སྨན་པ་ཚུ་གིས་རྒྱབ་བསྐྱུར་བའི་སྡུག་བསྔལ་དང་ འབྱུང་བ་བཞི་གེ་ར་ཉམས་འགྱོ་འོང་། །ལྔ་པ་སྡུག་པ་དང་བྲལ་བའི་སྡུག་བསྔལ། རང་གི་ཕ་མ་བུ་ཚ་ སྤུན་ཆ་ལ་སོགས་པ་ཚུ་ཤི་བའི་ཚེ། མྱ་ངན་དང་། གདུང་བ་དང་། ངུ་འབོད་ལ་སོགས་པའི་སྡུག་བསྔལ་ཚད་མེད་པ་ཡོད། དྲུག་པ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། དགྲ་བྱང་ཕྱད་དང་གཅིག་ཁར་ འཐབ་རྩོད་འབད་བའི་སྡུག་བསྔལ་ཡོད།

ལྷ་དང་ལྷ་མིན་གྱི་སྡུག་བསྔལ་གྱི་སྐོར། ཞུན་དག།

སྤྱིར་ལྷ་གེ་ར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ དགའ་སྐྱིད་དང་ལྡན་པ་ཡོད་རུང་ སེམས་གཡེང་པའི་དབང་གིས་ དམ་པའི་ཆོས་སྒྲུབ་པའི་མནོ་བསམ་མི་གཏང་། ད་ལྟོ་ཚེ་རིང་བའི་བར་བདེ་སྐྱིད་ཀྱི་ངང་ལུ་སྡོད་རུང་ དུས་ནམ་ཅིག་འབདཝ་ད་ ཚེ་ཟད་དེ་ཤི་ནི་ཡོད། ལྷ་ལུ་དབྱེ་བ་ཅིན་འདོད་ཁམས་ཀྱི་ལྷ་དང། གཟུགས་ཁམས་ཀྱི་ལྷ་དང། གཟུགས་མེད་ཀྱི་ལྷ་བཅས་གསུམ་ཡོད། རྒྱལ་ཆེན་རིགས་བཞི་ལས་འགོ་བཙུགས་ཏེ་ འདོད་ལྷ་རིགས་དྲུག་ཚུན་ ལྷ་འཆི་འཕོ་ལྟུང་གི་སྡུག་བསྔལ་མྱོང་དགོ། དེ་ཡང་ཤི་བའི་སྐབས་ འཆི་འཕོའི་རྟགས་ལྔ་ཤར་ནི་ཡོད། གོས་ལུ་དྲི་མ་འབྱུང་བ་དང། མེ་ཏོག་ཕྲེང་བ་རྙིངམ་འགྱུར་བ་དང། ཨེ་ཙི་གཉིས་ཀྱི་འོག་ལས་ རྔུལ་ཆུ་འབྱུང་བ་དང། ལུས་ལུ་དྲིམ་ཧུ་ཧུ་འབྱུང་བ་དང། རང་གི་སྡོད་ས་ལུ་མི་དགའ་བ་འགྱུར་བ་དང་ལྔའོ། ། རྟགས་ལྔ་དེ་རྣམས་ བྱུང་བའི་ཚེ་རང་གིས་ཤེས་ཏེ་སྡུག་བསྔལ་མྱོང། གཞན་ལྷ་རྣམས་དང་ ལྷའི་བུ་མོ་རྣམས་ཀྱིས་ཡང་དེ་ ཤི་ནི་ཨིན་སྦེ་ཟེར་ཤེས་ཏེ་ མེ་ཏོག་ཚུ་འཐོར། དེ་ལས་ཁྱོད་ཤི་སྟེ་མི་ཡུལ་ལུ་སྐྱེས་སྦེ་ དགེ་བ་བསྒྲུབས་ཏེ་ལོག་ལྷ་ཡུལ་ལུ་ སྐྱེ་བར་ཤོག་ཅིག། ཟེར་བའི་སྨོན་ལམ་བཏབ་དོ་མས། ད་རུང་རང་རྐྱངམ་གཅིག་ སྡུག་བསྔལ་ལྷའི་ཞག་བདུན་གྱི་བར་མྱོང་དགོཔ་ཨིན།

འདོད་ཁམས་ཀྱི་ལྷ་ཚུ་ལྷ་མིན་དང་འཐབ་པའི་སྡུག་བསྔལ་དང། འདོད་པ་མ་ངོམས་པའི་སྡུག་བསྔལ་དང། འཇིགས་སྣང་གི་སྡུག་བསྔལ་དང། བཅད་པ་དང། བརྡུང་བ་དང། གསོད་པ་དང། མཐར་བཤུད་ལ་སོགས་པའི་སྡུག་བསྔལ་ཡང་མྱོང་དགོ། འདོད་པའི་ལྷ་ལུ་དབྱེ་བ་དྲུག་ཡོད་དེ། རྒྱལ་ཆེན་རིས་བཞི་དང། སུམ་ཅུ་རྩ་གསུམ་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་བཅས་དྲུག་གོ། གཟུགས་ཁམས་ཀྱི་ལྷ་རྣམས་ནི་ འདོད་པ་ལས་ཡོན་ཏན་དང་གནས་ལ་སོགས་པ་ ཁྱད་དུ་འཕགས་པ་ཨིན་མི་འདི་ འདོད་པ་ལས་འདས་ཏེ་རང་སོའི་ཉོན་མོངས་རྒྱས་རུང་ གཟུགས་མཆོག་ཏུ་གྱུར་པའི་ཁམས་ཨིན་ནོ། ། དེ་ལས་གཟུགས་མེད་ཁམས་ནི་ གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ། གཟུགས་མེད་ཀྱི་མིང་བཞིའི་ཕུང་པོ་གྲུབ་སྟེ་ གཟུགས་མེད་ལུ་སྐྱེ་བ་ཨིན། རྒྱུ་བཟང་ངན་མི་འདྲ་བ་སྐྱེ་བ་ལས་ ནམ་མཁའ་མཐའ་ཡས་དང། རྣམ་ཤེས་མཐའ་ཡས་དང། ཅི་ཡང་མེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྟེ་བཞི་བཞགཔ་ཨིན། གོང་མ་གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་ལྷ་རྣམས་ དེ་བཟུམ་མའི་སྡུག་བསྔལ་ཅུང་ཙམ་ཡོད་རུང་ གནས་རིས་ཁམས་འོག་མ་ལྟུང་བ་ཡིན་པ་ན་ ལས་ཀྱིས་དབང་གི་དུས་ནམ་ཅིག་འབདཝ་ད་ ལྷ་འོག་མ་ལུ་སྐྱེས་ཏེ་སྡུག་བསྔལ་གྱི་རང་བཞིན་ལས་ མཐར་ས་མེད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། (༢༠༡༢ ཤོག་གྲངས་ ༧༦) ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ནི། །སྡུག་བསྔལ་རྒྱུན་མི་ཆད་པ་བརྟེན་འཚལ་ལོ། ། ཞེས་གསུངས་སོ་། ། གཟུགས་ཁམས་དང་གཟུགས་མེད་ཁམས་གཉིས་ཀྱི་ལྷ་ཚུ་ འཆི་འཕོ་དང་གནས་ལ་རང་དབང་མེད། དེ་བཟུམ་མའི་བདེ་འགྲོ་དང་མཐོ་རིས་ཚུ་ཡང་ ལས་ཟད་པ་དང་ངན་སོང་ལུ་ལྟུང་བ་ཨིན། དེ་འབད་ནི་འདི་གིས་ འཁོར་བ་ནི་སྡུག་བསྔལ་གྱི་རང་བཞིན་མེ་འབར་བའི་ཁྱིམ་བཟུམ་ཨིན། འཁོར་བ་ནང་བདེ་བ་ཟེར་ཁབ་ཀྱི་ རྩེ་ཙམ་ཡང་མེད། མངལ་འཇུག་གི་མདོ་ལས། (༢༠༡༢ ཤོག་གྲངས་ ༨༠ ཐར་པ་རིན་པོ་ཆེའི་རྒྱན་) ཀྱེ་མ་ཀྱི་ཧུད། སྲིད་པ་འཁོར་བའི་རྒྱ་མཚོ་འདི་ནི་འབར་བ། རབ་ཏུ་འབར་བ། མཆོག་ཏུ་འབར་བ། ཤིན་ཏུ་འབར་བ་མཆོག་ཏུ་འབར་བ་ཡིན་པས། སེམས་ཅན་འགའ་ཙམ་ཡང་དེས་མ་བཅོས་པ་མེད་དོ། ། རབ་ཏུ་འབར་བར་བྱེད་པའི་མེ་འདི་ ག་ཅི་བཟུམ་ཅིག་ལུ་སླབ་སྨོ་ཟེར་བ་ཅིན། འདོད་ཆགས་དང། ཞེ་སྡང་དང། གཏི་མུག་གི་མེ་དང། སྐྱེ་བ་དང། རྒ་བ་དང། འཆི་བའི་མེ་དང། མྱ་ངན་དང། སྔུ་ནི་དང། ཡིད་མི་བདེ་བ་ལ་སོགས་པའི་མེ་གིས་ དུས་རྒྱུན་འཚིགས་ཏེ་ འབའ་ཞིག་ཡང་དེ་ལས་ཐར་པ་མེད་དོ། །

འཁོར་བའི་ཉེས་དམིགས་ལས་འབྲས་ཚུ་བསྒོམས་པ་ལས་ སྲིད་པའི་བདེ་བ་ལ་ཆགས་པའི་གཉེན་པོར་འགྱུར་བ་ཨིན། དེ་ཡང་ཡབ་སྲས་མཇལ་བའི་མདོ་ལས། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས་ ༨༡) འཁོར་བའི་ཉེས་དམིགས་མཐོང་བ་ན། །སྐྱོ་བའི་སེམས་ནི་རབ་ཏུ་སྐྱེ། །ཁམས་གསུམ་བརྩོན་ར་འཇིགས་པས་ན། །བརྩོན་པའི་སེམས་ཀྱིས་སྤོང་བར་བྱེད། ། གཟུགས་ཁམས་ཀྱི་ལྷ་ལུ་དབྱེ་བ་བཅུ་བདུན་ཡོད་དེ། བསམ་གཏན་དང་པོ་ན། ཚངས་རིས་དང། ཚངས་པའང་མདུན་ན་འདོན་དང། ཚངས་ཆེན་བཅས་གསུམ་དང། བསམ་གཏན་གཉིས་པ་ནང། འོད་ཆུང་དང། འོད་ཆེན་དང། འོད་གསལ་ཏེ་གསུམ་དང། བསམ་གཏན་གསུམ་པ་ནང། བདེ་ཆུང་དང། ཚད་མེད་བདེ་དང། བདེ་རྒྱས་ཏེ་གསུམ་དང། བསམ་གཏན་བཞི་པ་ནང། སྤྲིན་མེད་དང། བསོད་ནམས་སྐྱེས་དང། འབྲས་བུ་ཆེ་བ་སྟེ་གསུམ་དང། མི་ཆེ་བ་དང། མི་གདུང་བ་དང། གྱ་ནོམ་སྣང་བ་དང། ཤིན་ཏུ་མཐོང་བ་དང། འོག་མིན་ཟེར་འཕགས་པའི་གནས་ལྔ་བཅས་བཅུ་བདུན་ནོ། ། ཆོས་མངོན་པར་མཛོད་ལས། གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཁམས་ཡིན་དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །བཞི་པ་ས་ནི་བརྒྱད་པ་ཡིན། ། ཞེས་གསུངས་སོ། །

ལྷ་ཚུ་གི་ཚེ་ཚད་ནི། མཛོད་ལས།

མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །

འོག་མ་དག་གི་ཉིན་མཚན་མེད་ཚེ་ནི། །དེས་ན་ཚེ་ལོ་ལྔ་བརྒྱའོ། །

གོང་མ་གཉིས་ཀ་ཉིན་ཞག་གཅིག། །གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །

ཉི་ཤུ་ལྷག་པས་ལྷག་པ་ཡིན། །འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །

དེ་ཡི་འོག་མ་ཕྱེད་ཡིན་ནོ། ། ཞེས་གསུངས་སོ། །(༢༠༡༢ ཤོག་གྲངས་ ༧༦)

ལྷའི་ཡུལ་ལུ་སྐྱེས་ཏེ་འཆི་འཕོ་ལྟུང་གི་ སྡུག་བསྔལ་མྱོང་དགོ་པའི་རྒྱུ་གཙོ་བོ་ནི་ ང་རྒྱལ་གྱི་ལས་ཨིན།

ལྷ་མ་ཡིན་གྱི་སྡུག་བསྔལ། ལྷ་མ་ཡིན་ལུ་ལྷའི་སྡུག་བསྔལ་དང་ཆ་འདྲ་བ་ཡོད་པའི་གུར་ང་རྒྱལ་དང། ཕྲག་དོག་དང། འཐབ་རྩོད་ཀྱི་སྡུག་བསྔལ་ཡོད། དེ་ལྟར་ཐར་པ་རིན་པོ་ཆེའི་རྒྱན་ལས། (༢༠༠༥ ཤོག་གྲངས་ ༧༩) ལྷ་མིན་དག་ནི་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིན་གྱི་སྡུག་བསྔལ་ཆེ། ། ཞེས་གསུངས་སོ། ། སྤྱིར་འབྱོར་པ་ལོངས་སྤྱོད་སོགས་ ལྷ་དང་འགྲན་ནུས་ཙམ་ཡོད་རུང་ ཧེ་མ་ལས་ར་མ་རིག་དུག་པ་ ཉོན་མོངས་པ་ཕྲག་དོག་གི་ལས་ལུ་གོམས་པ་ལས། ལུས་རྟེན་དེ་ཡང་ཕྲག་དོག་གི་འདུ་ཤེས་སྦོམ་ཡོད་མི་ལུ་སྐྱེས། རང་གི་གནས་ནའམ་གནས་གཞན་ལུ་ མ་མཐུན་པ་ལས་འཐབ་རྩོད་སོགས་ཀྱི་སྡུག་བསྔལ་མྱོང་དགོ། དེ་ལས་ལྷའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཚུ་ དཔག་བསམ་གྱི་ཤིང་ལས་བྱུངམ་ལས་ ཤིང་དེའི་རྩ་བ་ལྷ་མ་ཡིན་ཡུལ་ན་ཡོདཔ་སྦེ། འབྲས་བུ་འདི་ལྷའི་ཡུལ་ན་ཨིནམ་ལས་ ཕྲག་དོག་མི་བཟོད་པ་སྐྱེས་ཏེ་ ལྷ་དང་འཐབ་པའི་ཚེ་ ལྷ་རྣམས་ནི་མགུ་ཏོ་བཅད་དེ་ཤིཝ་མ་གཏོགས་ ལུས་གཞན་ལུ་མཚོན་ཆ་ ག་བཟུམ་གྱིས་གནོད་པ་རྐྱབ་རུང་ ལོག་བདུད་རྩིས་འཐུང་པ་ཙམ་གྱིས་ རྨ་ཐམས་ཅད་ག་ཨིནམ་སྦེ་དྲག་ནི་ཡོདཔ་མས། དེ་འབདཝ་ད་ ལྷ་མ་ཡིན་ཚུ་ལུས་ལུ་གནོད་པ་རྐྱབ་ཅིག་ཤིཝ་ལས་ འཐབ་རྩོད་ཀྱི་སྡུག་བསྔལ་དཔག་ཏུ་མེདཔ་མྱོང་དགོ།

ལྷ་མ་ཡིན་གྱི་ཚེ་ཚད་ནི། དྲན་པ་ཉེར་བཞག་ལས། མི་ལོ་ལྔ་བཅུ་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་སྟོང་སྒྲ་གཅན་གྱིས་ཐུབ་ཅིང། མི་ལོ་དྲུག་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་དྲུག་སྟོང་མགུལ་ཕྲེང་དང་བརྟན་པས་ཐུབ་ལ། མི་ལོ་བདུན་བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་བདུན་སྟོང་མེ་ཏོག་ཕྲེང་གིས་ཐུབ་པར་གསུངས་སོ།། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས་ ༧༥)

འགྲོ་བ་རིགས་དྲུག། ཞུན་དག།

འགྲོ་བ་ལུ་ངན་སོང་གསུམ་དང་ མཐོ་རིས་གསུམ་བཅས་དྲུག་ཡོདཔ་ཨིན། མཐོ་རིས་གསུམ་ན་འཕོ་ལྟུང་དང་ སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། ངན་སོང་གསུམ་ན་བཀྲེས་སྐོམ་དང་ ཚ་གྲང་གི་སྡུག་བསྔལ་ཟེར་ སོ་སོར་སྦེ་ཡོདཔ་ཨིན། འཁོར་བ་ནང་ཚར་གཅིག་སྐྱེས་ཞིནམ་ལས་ སྡུག་བསྔལ་འདི་མྱོང་ར་མྱོང་དགོ། མདོ་དྲན་པ་ཉེར་བཞག། (ཕྱག་ཆེན་སྔོན་འགྲོའི་ངག་འདོན་རྡོ་རྗེའི་གྲོང་འདྲེན་ཤིང་རྟའི་ལམ་སྲོལ་འབྱེད་པའི་འབྲུ་འགྲེལ་ངེས་ཤེས་སྒྲོན་མེ ༢༠༡༢ ཤོག་གྲངས་ ༦༡) གིས་ འཁོར་བ་ཁབ་ཀྱི་རྩེ་ཙམ་ལ།། བདེ་བ་ནམ་ཡང་ཡོད་མ་ཡིན།། ཟེར་གསུངས་དོ་བཟུམ་ འཁོར་བ་ན་བདེ་བ་ སྤུ་ཙམ་ཡང་མེད་ཟེར་ཨིན་པས། དེའི་ཐབས་ལུ་ ང་བཅས་འགྲོ་བ་མ་རིག་པ་གི་ རྨོངས་ཏེ་སྡོད་མི་མནོ་ཅན་དང་ མནོ་མེད་སེམས་ཅན་ཐམས་ཅད་ཀྱིས་ སངས་རྒྱས་དགོཔ་ཨིན།
ངན་སོང་གསུམ་ལས་དང་པོ་དམྱལ་བའི་སྐོར། དམྱལ་བའི་དབྱེ་བ་དང་། ག་ཏེ་ལུ་གནསཔ་ཨིན་ན་དང་། སྡུག་བསྔལ་ག་ཅི་ར་མྱོངམ་ཨིན་ན་དང་། ཚེ་ཚད་ཚུའི་སྐོར་ལས་ཞུ་བ་ཅིན། དང་པ་དམྱལ་བ་ལུ་དབྱེ་བ་ནི་། ཚ་དམྱལ་བརྒྱད་དང་། གྲང་དམྱལ་བརྒྱད་དང་། ཉེ་འཁོར་བ་དང་། ཉེ་ཚེ་བ་བཅས་སྡོམ་སྟེ་བཅོ་བརྒྱད་ཡོད། འདི་ཚུ་ལས་ཚ་དམྱལ་བརྒྱད་ ག་ཏེ་ལུ་གནསཔ་ཨིན་ན་ཟེར་བ་ཅིན། འཛམ་བུ་གླིང་འདིའི་འོག་ན་གནས་ཡོདཔ་ད། དང་པོ་མནར་མེད་པའི་སེམས་ཅན་དང་། དེའི་གུ་ལུ་ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་ཨིན་ནོ།། དེ་བཟུམ་སྦེ་ ཆོས་མངོན་པར་མཛོད། (དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོང་གྲངས་ ༥༩) གིས་ འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། ། ཟེར་གསུངས་ནུག། དེ་ཚུ་གིས་ སྡུག་བསྔལ་ག་བཟུམ་ཅིག་ མྱོངམ་སྨོ་ཟེར་བ་ཅིན། དང་པ་ཡང་སོས་ནང་། ལས་ཀྱི་དབང་གིས་སྦེ་ ལུས་ངན་རེ་སྒྲུབ་འགྱོ་སྟེ་ དམྱལ་བ་གཅིག་གི་གཅིག་ནང་ ཕན་ཚུན་ཁོང་ཁྲོ་དང་ཞེ་སྡང་ཡོདཔ་ལས་ མཚོན་ཆ་སྣ་ཚོགས་ཀྱིས་ དམར་གསོད་དང་དམག་འཛིང་འབད་དེ། ཤི་བའི་ཤུལ་ལུ་ ནམ་མཁའ་ལས་ ཡང་སོས་པར་གྱུར་ཅིག་ཟེར་སྒྲ་གྲགས་མ་ཐག་ཏུ་ སྔར་ག་ཨིནམ་འགྱོ་སྟེ་ ད་རུང་འཐབ་སྟེ་སྡུག་བསྔལ་ ཚེ་མ་ཟད་ཚུན་མྱོང་དགོ་ནི་ཨིན་པས། དེའི་ཚེ་ཚད་འདི་མིའི་ལོ་ཚད་ལྟར་འབད་བ་ཅིན་ བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉིས་སྟོང་ཨིན་པས། གཉིས་པ་ཐིག་ནག་ནང་། ཐིག་ནག་པོ་ཅིག་གི་ བཞི་བརྒྱད་བཅུ་དྲུག་སུམ་ཅུ་སོ་གཉིས་སྦེ་ ཚད་འཇལ་ཏེ་ མེ་རབ་ཏུ་འབར་བའི་སོག་ལེ་དང་སྟ་རེ་གིས་ དྲ་ནི་ཡོདཔ་མས། ཇི་སྐད་དུ། (དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོང་གྲངས་ ༥༩) གིས་ ཁ་ཅིག་སོག་ལེས་དྲ་་སྟེ་དེ་བཞིན་གཞན། །སྟ་རེ་མི་བཟོད་སོ་སྣ་རྣམས་ཀྱིས་བཞོག། ཟེར་གསུངས་སོ། ། དེའི་ཚེ་ཚད་མིའི་ལོ་ལྟར་འབད་བ་ཅིན་ བྱེ་བ་ཕྲག་བཅུ་གཉིས་དང་བྱེ་བ་ཕྲག་དགུ་ཁྲི་དྲུག་སྟོང་ཨིན་པས། གསུམ་པ་བསྡུས་འཇོམས་ནང་། སེམས་ཅན་གྲངས་མེད་ཚུ་བསྡུས་ཏེ་ རི་དང་པང་ལེབ་ཆེན་པོ་གཉིས་ཀྱི་བར་ འཇོམས་དོ་ཡོདཔ་མས། ཡང་ཤི་སྟེ་རླུང་གྲང་པོ་ཕུར་བའི་ཤུལ་ལུ་ ལུས་སྔར་བཞིན་འགྱོ་སྟེ་ ད་རུང་ཡང་པང་ལེབ་དང་རི་ཆེན་པོའི་བར་འཇོམས་དོ་ཡོདཔ་མས། དེའི་ཚེ་ཚད་མིའི་ལོ་ལྟར་འབད་བ་ཅིན་ བྱེ་བ་ཕྲག་སུམ་འབུམ་དྲུག་ཁྲི་བརྒྱད་སྟོང་ཨིན་པས། བཞི་པ་ངུ་འབོད་ནང་། སེམས་ཅན་ཚུ་ལྕགས་ཀྱི་ཁྱིམ་སྦོམ་ སྒོ་དང་སྒོ་ཅུང་ག་ནི་ཡང་མེད་པའི་ནང་ གཟུགས་གེ་ར་འཚིགས་ཏེ་ འཇིགས་པའི་སྐད་རྐྱབ། དེ་ལས་སྔུ་དོ་ཡོདཔ་ལས་ མི་ཡང་ངུ་འབོད་ཟེར་སླབ་ཨིན་པས། དེའི་ཚེ་ཚད་མིའི་ལོ་ལྟར་འབད་བ་ཅིན་ བྱེ་བ་ཕྲག་ས་ཡ་གཉིས་དང་། བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་བཞི་སྟོང་སྡོད་དགོཔ་ཨིན་པས། ལྔ་པ་ངུ་འབོད་ཆེན་པོ་ནང་། སྔར་བཞིན་དུ་གཟུགས་གེ་ར་ འཚིགས་ཏེ་སྡུག་བསྔལ་མྱོངམ་ལས་ ཤུགས་སྦེ་སྔུ་དོ་ཡོདཔ་ལས་ ངུ་འབོད་ཆེན་པོ་ཟེར་བཏགས་ནུག། དེའི་ཚེ་ཚད་མིའི་ལྟར་འབད་བ་ཅིན་ བྱེ་བ་ཕྲག་བྱེ་བ་དྲུག་ཅུ་རྩ་དྲུག་དང་། བྱེ་བ་ཕྲག་ས་ཡ་གསུམ་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་གཉིས་སྟོང་མྱོང་དགོཔ་ཨིན་པས། དྲུག་པ་ཚ་བ་ནང་། ལྕགས་ཀྱི་གཞོང་པ་ཁྲོ་ཆུ་དང་ལྡན་པ་ནང་ སེམས་ཅན་རྣམས་སྡུག་བསྔལ་མྱོང་དགོཔ་དང་། ཁྲོ་ཆུ་ཁོལ་མར་བླུགས་ཏེ་འཚིགས་པའི་སྡུག་བསྔལ་མྱོང་དགོཔ་མས། དེའི་ཚེ་ཚད་མིའི་ལོ་ལྟར་འབད་བ་ཅིན་ བྱེ་བ་ཕྲག་བྱེ་བ་ལྔ་བརྒྱ་དང་། བྱེ་བ་ཕྲག་བྱེ་བ་བཅུ་དང་། བྱེ་བ་ཕྲག་ས་ཡ་བརྒྱད་དང་། བྱེ་བ་ཕྲག་བཞི་འབུམ་དང་། བྱེ་བ་ཕྲག་ཁྲི་དྲུག་སྟོང་སྡོད་དགོཔ་མས། བདུན་པ་རབ་ཏུ་ཚ་བ་ནང་། སྔར་བཞིན་ཁྲོ་ཆུ་ཁོལ་མར་བླུགས་ཏེ་ ཁོག་པ་ཐམས་ཅད་འཚིགས། བུ་ག་དགུ་ལས་མེ་འབྱུང་བ་དང་། བཤང་ལམ་ལས་རྐང་པའི་མཐིལ་ཆ་ཉམས་ མེ་གིས་རབ་ཏུ་ཚ་དོ་ཡོདཔ་མས། དེའི་ཚེེ་ཚད་མིའི་ལོ་ལྟར་འབད་བ་ཅིན་ བར་གྱི་བསྐལ་པ་ཕྱེད་མྱོང་དགོཔ་མས།
བརྒྱད་པ་མནར་མེད་ནང་། སྔར་གྱི་སྡུག་བསྔལ་བདུན་པོ་ལས་ལྷགཔ་སྦེ་ དུས་ཨ་རྟག་ར་ལྕགས་ཀྱི་ཁང་པ་ནང་ ཕྱོགས་བཞི་ལས་མེ་གི་ཁྲོ་ཆུ་ནང་ བསྐོལ་ཏེ་སྡུག་བསྔལ་བར་མཚམས་མེད་པར་ མྱོང་ནི་འདི་གིས་མནར་མེད་ཟེར་སླབ་ཨིན། ཉེ་འཁོར་གྱི་དམྱལ་བ། ཚ་དམྱལ་བརྒྱད་པོ་དེའི་ཕྱོགས་བཞི་ནང་ཡོད། དེ་ཡང་ མེ་མ་མུར་གྱི་འོབས་དང་། རོ་མྱགས་ཀྱི་འདམ་དང་། སྤུ་གྲིས་གཏམས་པའི་ཐང་དང་། རལ་གྲི་ལོ་མའི་ནགས་ཚལ་དང་། ལྕགས་ཀྱི་ཤལ་མ་རི་དང་། ཐལ་ཚན་གྱི་ཆུ་བོར་རབ་མེད་བཅས་དྲུག་རེ་ཡོད་ཀྱང་། མཚོན་ཆའི་རིགས་གསུམ་གཅིག་ཏུ་བརྩིས་ནས་ ཉེ་འཁོར་བཅུ་དྲུག་ཏུ་ཡོདཔ་སྦེ་ ཕྱག་ཆེན་སྔོན་འགྲོའི་འགྲེལ་པ་ངེས་ཤེས་སྒྲོན་མེ་ནང་གསུངས་སོ།། དང་པ་མེ་མ་མུར་གྱི་འོབས། སེམས་ཅན་ཚུ་ནགས་ཚལ་ནང་འགྱོ་བའི་ཚེ་ རྐངམ་ས་ཁར་བཞགཔ་ཅིག་ ཤ་དང་པགས་ཀོ་ཚུ་འཚིག་དོ་ཡོདཔ་མས། གཉིས་པ་རོ་མྱགས་ཀྱི་འདམ། ས་ཐམས་ཅད་རོའི་འདམ་གྱི་གང་བའི་ནང་ འབུཔ་ལུས་དཀརཔོ་ མགོ་གནགཔོ་ མཆོ་ཏོ་རྣོས་ཁེག་ཁེ་ཡོད་མི་ཚུ་གིས་ སེམས་ཅན་རྣམས་མ་རུས་བར་དུ་ ཟ་དོ་ཡོདཔ་མས། གསུམ་པ་སྤུ་གྲིས་གཏམས་པའི་ཐང་། དེ་ལས་ཐར་ཏེ་ནགས་ཚལ་ག་ནི་བ་དགའ་བའི་ནང་ལྷོདཔ་ད་ རྩྭ་ཐམས་ཅད་རྣོས་ཁེག་ཁེ་གིས་ གཟུགས་གེ་ར་གཅོད་པའི་སྡུག་བསྔལ་མྱོང་དགོ། བཞི་པ་རལ་གྲི་ལོ་མའི་ནགས་ཚལ། སྔར་བཞིན་ནགས་ཚལ་ཉམས་དགའ་བ་མཐོང་སྟེ་འགྱོཝ་ད་ ནགས་ཚལ་གྱི་སྡོང་པོ་རྣོས་ཁེག་ཁེ་དང་རལ་གྲི་དང་ལྡན་པ་སོགས་ཀྱིས་ ལུས་དུམ་བུ་དུམ་བུ་སྦེ་གཅོད་པའི་སྡུག་བསྔལ་མྱོང་དགོ། ལྔ་པ་ལྕགས་ཀྱི་ཤལ་མ་རི། ལས་ཀྱི་དབང་གིས་ ལྕགས་ཀྱི་ཤལ་མ་རིའི་རྩ་བ་ལས་ རང་ལུ་དགའ་མི་གྲོགས་ཀྱིས་འབོ་སྟེ་འགྱོཝ་ད་ ནགས་ཚལ་གྱི་སྡོང་པོའི་ལོ་མ་ རྣོས་ཁེག་ཁེ་གིས་གཟུགས་ཀྱི་ རྒྱབ་གདོང་གཉིས་ཀ་གཅོད། དེ་ལས་བྱ་རྒོད་ལ་སོགས་པ་ཚུ་གིས་ཟ་བའི་སྡུག་བསྔལ་མྱོང་དགོ། དྲུག་པ་ཐལ་ཚན་གྱི་ཆུ་བོ་རབ་མེད། ས་ཐམས་ཅད་ཐལ་བ་ཚན་མོ་ཨིནམ་སྦེ། རྣམ་པ་ཆུའི་དབྱིབས་བཟུམ་སྦེ། ལུས་ཐམས་ཅད་རུས་པའི་བར་བརྒལ་འགྱོ་དགོཔ་ད་ ཕར་ལྷོདཔ་ཅིག་སྲུང་སྒོ་མཚོན་ཆ་ཡོད་མི་ཚུ་གིས་ ལོག་ཕར་བཏང་ཚུར་བཏང་སྟེ་ ལས་ངན་མ་ཟད་བར་དུ་ སྡུག་བསྔལ་མྱོང་དགོ།
གྲང་དམྱལ་བརྒྱད་ནི། དང་པ་ཆུ་བུར་ཅན། སེམས་ཅན་རྣམས་གྲང་བའི་སྡུག་བསྔལ་གྱི་ བཟད་མ་ཚུགས་པ་གཟུགས་ཁར་ ཆུ་བུར་སྐྱེད་དོ་ཡོདཔ་མས།
གཉིས་པ་ཆུ་བུར་རྡོལ་བ། གཟུགས་ཀྱི་ཆུ་བུར་ཚུ་རྡོལ་ཏེ་ རྨ་ལུ་གྱུར་དོ་ཡོདཔ་མས། གསུམ་པ་ཨ་ཆུ་ཟེར་བ། སེམས་ཅན་རྣམས་བཟོད་མ་ཚུགས་པའི་གྲང་བ་ལས་ ཨ་ཆུ་ཟེར་བའི་སྒྲ་འགྱུར་དོ་མས།
བཞི་པ་སོ་ཐམ་ཐམ་པ། དེ་ལས་གྲང་བ་ཤུགས་ཆེཝ་ལས་ སོ་ཚུ་ཡང་ཐམ་དོ་མས། ལྔ་པ་ཀྱེ་ཧུད་ཟེར་བ། སྔར་བཞིན་གྲང་བ་བཟོད་མ་ཚུགས་པར་ ཀྱེ་ཧུད་ཟེར་བའི་སྒྲ་འགྱུར་དོ་ཡོདཔ་མས། དྲུག་པ་ཨུཏྤལ་ལྟར་གས་པ། གཟུགས་ཀྱི་པགས་ཀོ་ཚུ་སྔོན་པོར་སོང་སྟེ་ ཁ་ལྔའམ་དྲུག་ལུ་གས་འགྱོ་དོ་ཡོདཔ་མས། བདུན་པ་པདྨ་ལྟར་གས་པ། སྔར་བཞིན་པགས་ཀོ་སྔོན་པོར་སོང་སྟེ་ ཁ་བརྒྱད་ལུ་གས་དོ་ཡོདཔ་མས།
བརྒྱད་པ་པདྨ་ཆེན་པོ་ལྟར་གས་པ། ཁ་བརྒྱད་ལས་ལྷགཔ་གས་དོ་ཡོདཔ་ལས་ བཟོད་་མ་ཚུགས་པའི་སྡུག་བསྔལ་མྱོང་དགོ་དོ་ཡོདཔ་མས། དམྱལ་བ་ཉེ་ཚེ་བའི་སེམས་ཅན། དེའི་སེམས་ཅན་རྣམས་ཀྱི་ གནས་དང་སྡུག་བསྔལ་ཚུ་ག་ནི་ཡང་ངེས་པ་མེད་དེ། བྲག་གི་བར་བཅར་བ་དང་། རྡོའི་ནང་དུ་འཐུམ་པ་དང་། ཆབ་རོམ་གྱི་ནང་དུ་རེངས་པ་དང་། ཆུ་ཚན་གྱི་ནང་དུ་འཚོད་པ་དང་། མེ་ནང་དུ་སྲེག་པ་དང་། ཤིང་སྡོང་བཅད་པའི་སྐབས་གཟུགས་ཀྱི་ཡན་ལག་ཚུ་བཅད་པ་དང་། གཏུན་པ་དང་། ཕྱགས་མ་དང་། ཕྲུ་བ་དང་། སྒོ་དང་། ཀ་བ་ལ་སོགས་ནང་བསྐོལ་ཞིང་སྡུག་བསྔལ་མྱོང་དགོཔ་སྦེ་ ཕྱག་ཆེན་སྔོན་འགྲོའི་འགྲེལ་པ་ངེས་ཤེས་སྒྲོན་མེ་ ( ༢༠༡༢ ཤོག་གྲངས་ ༧༠) ནང་གསུངས་སོ།།

༼ དུད་འགྲོ། ༽ ཞུན་དག།

མངོན་པར་མཛོད་གནས་གསུམ་པ་འཇིག་རྟེན་བསྟན་པའི་སྐབས་ འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེ། ། ཞེས་གསུངས་པ་ལྟར། སེམས་ཅན་རང་སོའི་ལས་དང་འཁྲིལ་ འགྲོ་བ་རིགས་དྲུག་གི་གནས་ཚུ་ནང་སྐྱེ་བ་ལེན་དོ་ཡོདཔ་ཨིན། འགྲོ་བ་རིགས་དྲུག་གི་གནས་ལྷ་དང་། ལྷ་མ་ཡིན་དང་། མི་དང་། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་སྟེ་འགྲོ་བ་རིགས་དྲུག་ལས་ དུད་འགྲོའི་མཚན་ཉིད། དབྱེ་བ། སྡུག་བསྔལ། དུད་འགྲོར་སྐྱེ་བའི་རྒྱུ་སྟེ་ས་བཅད་རྣམ་པ་བཞིའི་ཐོག་ལས་བཤད་པར་བྱའོ། །

དང་པོ་མཚན་ཉིད་ནི། མགོ་དུད་ཅིང་འགྲོ་བས་ན་དུད་འགྲོ་ཞེས་པའོ། ། གཉིས་པ་དབྱེ་བ་ལ་དུད་འགྲོ་སྤྱིའི་གཟུགས་ཀྱི་དབྱེ་བ་དང་། རིགས་གཉིས་ལས། དང་པོ་དུད་འགྲོ་སྤྱིའི་གཟུགས་ཀྱི་དབྱེ་བ་ལ་ རྐང་མང་བ་དང་། རྐང་བཞི་དང་། རྐང་གཉིས་དང་། རྐང་མེད་པ་དང་བཞིའོ། །གཉིས་པ་རིགས་ལ་དབྱེ་ན། མི་ཕམ་མཁས་འཇུག་གི་སྡོམ་བྱང་ལས། བྱིངས་ན་གནས་པའི་དུད་འགྲོ་དང་། ཁ་འཐོར་ན་གནས་པའི་དུད་འགྲོའི་རིགས་དང་གཉིས་སོ། དང་པོ་བྱིངས་ན་གནས་པའི་དུད་འགྲོ་ཞེས་པ་ནི་ བྱིངས་ནི་མང་ཆེ་བའམ་ཕལ་ཆེ་བའི་དོན་ནམ་ འབྱུང་གནས་ཅིག་ལ་གོ་བའོ། ། དེ་ཡང་དུད་འགྲོ་མང་ཆེ་བ་ཅིག་རྒྱ་མཚོ་ནང་གནས་པའི་ཕྱིར་རམ་གནས་ཀྱི་རྩ་བ་ནི་ རྒྱ་མཚོ་ཡིན་པའི་ཕྱིར་དུད་འགྲོའི་བྱིངས་ཞེས་སོ།། མདོར་ན་རྒྱ་མཚོ་ལ་གནས་པའི་དུད་འགྲོ་སྟེ་ ཆེ་བ་ཆུ་སྲིན་དང་ཆུང་བ་ཉ་དང་སྦལ་ལྕོང་སོགས་ལ་གོ་བའོ།། གཉིས་པ་ཁ་འཐོར་ལ་གནས་པའི་དུད་འགྲོ་ནི་ ཤིང་དང་རྡོ་ སྤང་དང་ནགས་ ཐང་དང་བྲག་ ས་ལ་སོགས་པའི་རྟེན་ལ་གནས་པ་ཅིག་ལ་གོ་བའོ། མདོར་ན་ཁ་འཐོར་གྱི་དུད་འགྲོ་ནི་ མི་དང་འདོད་ལྷའི་གནས་དག་ལ་ ཆེ་བ་སྟག་དང་སེང་གེ་ ཆུང་བ་འབུ་སྲིན་སོགས་ལ་གོ་བའོ། །

གསུམ་པ་དུད་འགྲོའི་སྡུག་བསྔལ་ལ་བཤེས་པའི་སྤྲིངས་ཡིག་ལས། དུད་འགྲོ་སྐྱེ་གནས་ནང་ཡང་བསད་པ་དང་། །བཅིངས་དང་རྡེག་སོགས་སྡུག་བསངལ་སྣ་ཚོགས་པ། ། ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི།། གཅིག་ལ་གཅིག་ཟ་ཤིན་ཏུ་མི་ཟད་པ།། ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་།། ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། ། ལྕགས་དང་ལྕག་སྐྱུ་བརྡབ་པས་བཏབ་སྟེ་བཀོལ། ། ཞེས་གསུངས་པ་ལྟར། འགྲོ་བ་རིགས་དྲུག་གི་གནས་ལས་ དུད་འགྲོ་ལུ་སྐྱེ་བ་ཅིན་ འགྲོ་བ་མི་ཚུ་གིས་ འདོད་ཆགས་ཞེ་སྡང་གཏི་མུག་རྣམ་པ་གསུམ་གྱི་སྒོ་ནས་སྲོག་གཅོད་པ་དང་། ལ་ལུ་ཅིག་ཙྭ་དང་ཆུ་ག་ནི་ཡང་མེད་པར་ ཉིན་ནུབ་མེད་པར་ཐག་པས་བཅིངས་པ་དང་ དབྱུག་པ་སོགས་ཀྱི་རྡེག་པའི་སྡུག་བསྔལ་དང་། ལས་དགེ་སྡིག་གི་རྣམ་གཞག་གང་ཡང་མ་ཤེས་པའི་དུད་འགྲོ་རྣམས་ལ་ གཅིག་ལ་གཅིག་ཟའི་སྡུག་བསྔལ་སོགས་ རྒྱུན་མ་ཆད་པར་ཡོད། དུད་འགྲོ་ལ་ལུ་ཅིག་ནོར་བུའི་བྱེ་བྲག་མུ་ཏིག་སོགས་ལེན་ནིའི་དོན་ལུ་སྲོག་གཅོད་པ། དཔེར་ན་ རྒྱ་མཚོ་ནང་གནས་པའི་དུད་འགྲོ་ཉ་སོགས་མང་ཤོས་ཅིག་མུ་ཏིག་གི་དོན་ལུ་སྲོག་གཅོད་པ་དང་། ལ་ལུ་ལུས་གྲང་བ་དང་ཚ་བ་ལས་བསྲུང་ནིའི་ཆེད་དུ་བལ་དང་ ལ་ལུ་ཅིག་རུས་པའི་དོན་ལུ་སྲོག་གཅོད། དཔེར་ན་ ཁྱབ་ཆེ་བ་ལུ་ལུག་དང་གཡག་ དེ་ལས་སྤུ་ཁ་འཇའ་ཆི་ཆི་ཡོད་པའི་དུད་འགྲོ་མང་ཤོས་ཅིག་ གོས་ཀྱི་དོན་ལུ་སྲོག་གཅོད་པ་དང་ གླངམོ་ཆེ་དང་སྟག་སོགས་རུས་པའི་དོན་ལུ་སྲོག་གཅོད་པའོ།། བྱ་དང་ཉ་བ་གླང་ལ་སོགས་པའི་དུད་འགྲོ་མང་ཤོས་ཅིག་ཤའི་ཆེད་དུ་སྲོག་གཅོད་པ་དང་ ལ་ལུ་ཅིག་པགས་པའི་ཆེད་དུ་སྲོག་གཅོད་པའོ།། རང་ལུ་རང་དབང་མེད་པའི་དུད་འགྲོ་རྣམས་ རྐངམ་དང་ལགཔ་གུ་ལས་ཕར་ ལྕགས་དང་ལྕགས་ཀྱུ་སོགས་བརྡབ་ནས་ བཀོལ་སྤྱོད་ཀྱི་སྡུག་བསྔལ་དཔག་ཏུ་མེད་དོ།།

མདོར་ན་དུད་འགྲོ་ལ་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་། བསད་བཅད་ཀྱི་སྡུག་བསྔལ་དང་། གཅིག་ལ་གཅིག་ཟའི་སྡུག་བསྔལ་ཏེ་གསུམ་མོ།། དེ་ཡང་དང་པོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་ནི། དུད་འགྲོ་ནི་རང་དབང་མེད་པའི་རྐྱེན་ལས་ ལ་ལུ་ཅིག་ཞིང་རྨོ། ལ་ལུ་ཁུར་ཆ་བཀལ། ལ་ལུ་ཤིང་རྟ་འཐེནམ་ལ་སོགས་པའི་ བྱ་བ་མང་པོ་བཀོལ་བ་ཡིན། དེའི་སྐབས་དུད་འགྲོ་རྣམས་འུ་སྡུག་རུང་ངལ་འཚོ་ནིའི་རང་དབང་མེད། ཁ་སྐོམ་ལྟོཝ་བཀྱེས་ཏེ་འབད་རུང་ ཁ་སླབ་མ་ཤེས་པའི་རྐྱེན་གྱིས་ བཀྲེས་སྐོམ་སྡུག་བསྔལ་གྱི་ངང་ལུ་ སྡུག་བསྔལ་དཔག་མེད་དོ། གཉིས་པ་བསད་བཅད་ཀྱི་སྡུག་བསྔལ་ནི། དུད་འགྲོ་ལ་ལུ་ཅིག་ལས་ཀྱི་དབང་གིས་ ཤ་དང་པགས་པའི་ཆེད་དུ་སྲོག་གཅོད་པ་དང་། ལ་ལུ་ཅིག་མུ་ཏིག་དང་རུས་པའི་དོན་ལུ་སྲོག་གཅོད་པ་སོགས་ལ་གོ་བ་ཡིན། གསུམ་པ་གཅིག་ལ་གཅིག་ཟའི་སྡུག་བསྔལ་ནི་ དུད་འགྲོ་སོགས་རྨོངས་པའི་དབང་གིས་ གཅིག་ལ་གཅིག་ཟའི་སྡུག་བསྔལ་ནི་ཤིན་ཏུ་ཆེ། དཔེར་ན་སྟག་གིས་ཀ་ཤ་དང་བ་གླང་སོགས་ལོངས་སྤྱོད་པ་དང་ རྒྱ་མཚོ་ནང་ཉ་ཆེ་བས་ཆུང་བ་ཟ་བ་སོགས་དཔེ་དུ་མའོ།།

དུད་འགྲོ་རྣམས་ཀྱི་ཚེ་ཚད་ཐུང་བ་ལ་ངེས་པ་མེད་དེ་ ཚེ་རིང་ཤོས་ཀྱི་བར་གྱི་བསྐལ་པ་རེ་ཐུབ་པ་ཡིན། དུད་འགྲོའི་གནས་སུ་སྐྱེ་བ་ཅིན་ལས་དང་ཉོན་མོངས་པའི་དབང་གིས་ ལམ་གྲུབ་པའི་གོ་སྐབས་མེད་དེ་ ཐར་པ་ཐོབ་པའི་དུས་མེད། དུད་འགྲོ་ལ་ཡང་སྐྱེ་གནས་རྣམ་པ་བཞི་སྟེ་ མངལ་སྐྱེས་དང་། སྒོང་སྐྱེས་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་སྐྱེས་ཏེ་ལྔ་ལ་ རང་སོའི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེ་བའོ།། དུད་འགྲོའི་སྐྱེ་གནས་སུ་འགྱུར་བའི་ལས་ནི་རྣམ་པ་ལྔ་སྟེ་ འཕགས་པ་སློབ་པའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས། འཆལ་བའི་ཚུལ་ཁྲིམས་དང་། ཆོམ་རྐུན་དང་། གཞན་གྱི་བུ་ལོན་བླངས་ནས་གནོད་སེམས་སུ་བྱེད་པ་དང་། སྲོག་གཅོད་པ་དང་། མ་དད་པས་དམ་པའི་ཆོས་མ་ཡིན་པ་ཉན་པར་དགའ་བ་ཐམས་ཅད་དོ།། དེ་ཡང་དང་པོ་འཆལ་བའི་ཚུལ་ཁྲིམས་ནི་ ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་ མདོར་ན་ལུས་ངག་ཡིད་གསུམ་གྱི་ཚུལ་ཁྲིམས་སོགས་ཉམས་པའི་ལས་ཀྱི་འབྲས་བུས་ དུད་འགྲོར་སྐྱེ་བ་ཡིན། གཉིས་པ་ཆོམ་རྐུན་ནི་ ཆོམ་ནི་གཞན་གྱི་ནོར་ལ་ཆགས་པའི་བློས་ དབང་བཙོང་གི་སྒོ་ནས་འཕྲོག་པའི་དོན་དང་། རྐུན་ནི་གསང་བའི་ཐོག་ལས་ བརྐུ་བ་སོགས་ལ་གོ་བ་ཡིན། མདོར་ན་ཆོམ་རྐུན་ནི་ མ་སྦྱིན་པ་ལེན་པ་སྟེ་ དེ་ཡང་དུད་འགྲོར་སྒྱེ་བའི་རྒྱུ་ཡིན་ནོ། ། གསུམ་པ་གཞན་གྱི་བུ་ལན་བླངས་ནས་གནོད་སེམས་སུ་བྱེད་པ་ནི། རང་ལུ་བྱ་སྟབས་མ་བདེ་བའི་སྐབས་མི་གཞན་ལས་ནོར་བསྐྱི་བའི་བུ་ལན་ཡོད་པ་ཅིན་ འདི་ཚུ་རང་སྟབས་བདེཝ་ད་ལོག་སྤྲོད་ནི་མེན་པར་ ཧེང་སྐལ་བུ་ལོན་སྤྲོད་མ་དགོཔ་བཟོ་ནིའི་དོན་ལུ་ མ་རུང་པའི་བྱ་བ་སྲོག་གཅོད་པ་དང་རྡུང་བ་སོགས་བསམ་ན་ དེ་ཡང་དུད་འགྲོར་སྐྱེ་བའི་ལས་ཡིན་ནོ། བཞི་པ་སྲོག་གཅོད་པ་ནི་ འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་སྒོ་ནས་གཞན་གྱི་སྲོག་ལེན་པའི་དོན་ཡིན། གལ་ཏེ་གཞན་གྱི་སྲོག་གཅོད་པ་ཅིན་ དེའི་རྣམ་སྨིན་གྱིས་དུད་འགྲོར་སྐྱེ་བ་ཡིན་ནོ། ལྔ་པ་མ་དད་པས་དམ་པའི་ཆོས་མ་ཡིན་པ་ཉན་པར་དགའ་བ་ནི་ སངས་རྒྱས་ཆོས་དགེ་འདུན་ཏེ་ མདོར་ན་དཀོན་མཆོག་གསུམ་ལུ་དད་པ་མེད། ལས་རྒྱུ་འབྲས་ལུ་ཡིད་ཆེས་མེད་པའི་རྐྱེན་གྱིས་ དམ་པའི་ཆོས་ལས་ལོག་པ་ངག་ཀྱལ་སོགས་ལ་སྡང་བ་སོགས་དུད་འགྲོར་སྐྱེ་བའི་རྒྱུ་ཡིན་ནོ།།

སྡུག་བསྔལ་གྱི་བདེན་པ། ཞུན་དག།

སྡུག་བསྔལ་ནི་ལུས་དང་སེམས་མི་བདེ་བར་ དཀའ་ངལ་གྱིས་མནར་བའི་དོན་ཅིག་ལ་ཟེར་རོ། ཁམས་གསུམ་འཁོར་བའི་གནས་འདི་ནང་ སྡུག་བསྔལ་མེད་མི་ག་འདུག། འགྲོ་བ་རིགས་དྲུག་གི་གནས་རང་ར་སོ་སོའི་ནང་ རང་སོའི་སྡུག་བསྔལ་རེ་འདུག། ལྷ་ལུ་འཆི་འཕོ་ལྟུང་གི་སྡུག་བསྔལ། ལྷ་མིན་ལུ་འཐབ་རྩོད་ཀྱི་སྡུག་བསྔལ། མི་ལུ་སྐྱེ་རྒ་ན་འཆི་གི་སྡུག་བསྔལ། དམྱལ་བར་ཚ་གྲང་གི་སྡུག་བསྔལ། དུད་འགྲོ་ལུ་བཀོལ་སྤྱོད་ཀྱི་སྡུག་བསྔལ། ཡི་དྭགས་ལུ་བཀྲེས་སྐོམ་གྱི་སྡུག་བསྔལ་འདུག།

མཐོ་རིས་གསུམ་ལས་དང་པོ། ལྷའི་འཆི་འཕོ་ལྟུང་གི་སྡུག་བསྔལ་ཟེར་མི་འདི་ ལྷ་འདི་ཚུ་ཤི་རནམ་ད་ གོས་དྲི་མ་ཅན་དུ་འགྱུར་བ་དང་། མེ་ཏོག་གི་ཕྲེང་བའམ་རྒྱན་ཆ་སོགས་རྙིང་པར་འགྱུར་བ་དང་། མཆན་ཁུང་ནས་རྔུལ་ནག་འབྱུང་བ་དང་། ལུས་ལ་དྲི་ང་བ་དང་། རང་གི་གཏན་ལ་མི་དགའ་བ་སོགས་ སྔ་ལྟས་རྣམ་པ་ལྔ་འབྱུང་བ་དང་ འདོད་ཡོན་ལ་ཡེངས་བའི་བློས་ སླར་ངན་སོང་དུ་ལྟུང་བའི་སྡུག་བསྔལ་ཡོད། གཉིས་པ་ལྷ་མ་ཡིན་ལུ་ ལྷའི་དཔལ་ལ་སྡང་བ་དང་། ཕྲག་དོག་དང་། འཐབ་རྩོད་ཀྱི་སྡུག་བསྔལ་མི་བཟོད། གསུམ་པ་མི་ལུ་སྐྱེ་རྒ་ན་འཆི་གི་སྡུག་བསྔལ་ཏེ། དེ་ཡང་ མངལ་འཇུག་གི་མདོ་ལས་ མི་ལུ་སྡུག་བསྔལ་རྣམ་པ་བརྒྱད་བཤད་དེ། དེ་བཞིན་དུ་སྐྱེ་བ་ཡང་སྡུག་བསྔལ་ལོ། ། རྒ་བ་ཡང་སྡུག་བསྔལ་ལོ། །ན་བ་ཡང་སྡུག་བསྔལ་ཡིན་ནོ། །འཆི་བ་ཡང་སྡུག་བསྔལ་ཡིན་ནོ། །སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་ཕྲད་པ་ཡང་སྡུག་བསྔལ་ཡིན་ནོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག་བསྔལ་ཡིན་ནོ། །ཡོད་པ་བསྲུང་དཀའ་བ་ཡང་སྡུག་བསྔལ་ཡིན་ནོ། །ཞེས་གསུངས་འདུག། གཉིས་པ་ངན་སོང་གསུམ་ལས་དང་པོ། དམྱལ་བ་ལུ་ཚ་དམྱལ་བརྒྱད་དེ། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་དེ་བརྒྱད་དང་། གྲང་དམྱལ་བརྒྱད་དེ། ཆུ་བུར་ཅན་དང་། ཆུ་བུར་བརྡོལ་བ་དང་། སོ་ཐམ་པ་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་རྒྱས་པ་དང་། པདྨ་ལྟར་རྒྱས་པ་དང་། པདྨ་ཆེན་པོ་ལྟར་རྒྱས་པ་སྟེ་ བཅུ་དྲུག་གི་སྟེང་དུ་ ཉེ་འཁོར་བ་དང་། ཉེ་ཚེ་བའི་དམྱལ་ཁམས་ཏེ་བཅོ་བརྒྱད་ལ་ སྡུག་བསྔལ་དཔག་མེད་དོ།། གཉིས་པ་དུད་འགྲོ་ལ་ཡང་སྡུག་བསྔལ་རྣམ་པ་གསུམ་ཏེ། བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་། བསད་བཅད་ཀྱི་སྡུག་བསྔལ་དང་། གཅིག་ལ་གཅིག་ཟའི་སྡུག་བསྔལ་ཏེ་རྣམ་པ་གསུམ་མོ། ཡི་དྭགས་ནི་ ཁ་ཁབ་ཀྱི་རྩེ་ཙམ་ཅིག་དང་ ལྟོ་བ་རིའི་ཁྱོན་ཙམ་ཏེ་ བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་ཤིན་ཏུའོ། །

སྤྱིར་བཏང་ སྡུག་བསྔལ་འདི་ལུ་དབྱེ་བ་ཅིན་གསུམ་ཏེ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ་ལོ།། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར་མི་འདི་ སྐད་ཅིག་སྐད་ཅིག་གིས་ འཇིག་པའི་སྡུག་བསྔལ་ཏེ་ དེའི་ཚོར་བ་ནི་གཏང་སྙོམ་ཡིན། དཔེར་ན་ སྤུ་ཅིག་ལག་མཐིལ་ལུ་བཞག་པ་ཅིན་འདི་ཡོད་མེད་ཀྱི་ཚོར་བ་གང་ཡང་མེད་དེ། སྤུ་འདི་རྐྱེན་ཅིག་ལས་མིག་ཏུ་སོང་ན་མི་སྡུག་པའི་ཚོར་བ་མྱོང་བཞིན་ནོ། ། ད་ལྟོ་གི་བདེ་བ་འདི་ ཕྱི་མ་སྡུག་བསྔལ་ལུ་ འགྱུར་མི་གཅིག་ལུ་ འགྱུར་བའི་སྡུག་བསྔལ་ཏེ། དཔེར་ན་ སྙིང་སྡུག་མ་དང་ཕྲད་ནས་བྲལ་བ་བཞིན་ནོ། སྡུག་བསྔལ་གྱི་སྡུག་བསྔལ་ཟེར་བ་ཅིན་ ཧེ་མ་ལས་ སྡུག་བསྔལ་མྱོང་ཡོད་མི་གུར་ ད་རུང་སྡུག་བསྔལ་ཕོག་མི་གཅིག་ལུ་གོ་བ་ཡིན་ཏེ། དཔེར་ན་ ཕ་ཤི་བའི་སྡུག་མ་རྫོགསཔ་ལས་ བུ་འཆི་བ་ལྟ་བུའོ། །སངྱས་ཀྱིས་ཡང་ བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་སྐབས་ ཁམས་གསུམ་འཁོར་བའི་རྒྱུ་འདི་ཀུན་འབྱུང་བདེན་པ་དང་ འབྲས་བུ་སྡུག་བསྔལ་བདེན་པ་དང་། རྒྱུ་འགོག་པའི་བདེན་པ་ལུ་བརྩོན་ཏེ་འབྲས་བུ་ ལམ་གྱི་བདེན་པ་འཐོབ་དགོཔ་ཨིན་རུང་ རྙིགས་མ་བདོ་བའི་འདུལ་བྱ་ ང་བཅས་ཚུ་གིས་འབད་མི་ཚུགས་པས། མདོ་ལས། སྡུག་བསྔལ་ཤེས་པར་བྱ། ། ཀུན་འབྱུང་སྤང་བར་བྱ། ། འགོག་པ་མངོན་དུ་བྱ། ། ལམ་རྒྱུད་ལ་བསྟན་པར་བྱ། ། ཞེས་གསུངས་འདུག། སྡུག་བསྔལ་གྱི་རྒྱུ་ངོ་མ་ སེམས་ཕྱིན་ཅི་ལོག་པའི་ལྟ་བར་འཛིན་མི་འདི་ཨིན། འདི་ཡང་དང་པོ་མི་རྟག་པ་ལུ་རྟག་པ་འཛིན། འཇིག་རྟེན་རང་གི་མཚན་ཉིད་ཀྱང་ སྐད་ཅིག་སྐད་ཅིག་གིས་འཇིག་པའི་ཆོས་ཐམས་ཅད་གནས་སའི་རྟེན་ཡིན་ཡང་ ལྐུག་པ་ང་བཅས་ཚུ་གིས་འདི་ལུ་རྟག་པ་འཛིན་སྡོདཔ་མས། གཉིས་པ་ མི་གཙང་བ་ལུ་གཙང་བར་འཛིན། འཁོར་བ་འདི་ མི་གཙང་བའི་འདམ་བཟུམ་ཅིག་ཨིན་རུང་ འདི་ལུ་གཙང་བ་འཛིན་སྡོདཔ་མས། དཔེར་ན་ མི་གཙང་བས་གང་བའི་ཕུང་པོ་འདི་ལུ་ གཙང་བར་འཛིན་ཏེ་ཆགས་པ་བསྐྱེད་པ་བཞིན། གསུམ་པ་བདག་མེད་པ་ལུ་བདག་ཏུ་བཟུང་། སེམས་ཀྱི་ངོ་བོ་ སྟོང་པ་ཉིད་ཡིན་ནའང་ དེ་ལ་བདག་ཡོད་པར་འཛིན། ང་ཟེར་བའི་ཚིག་འདི་ སྡུག་བསྔལ་གྱི་འབྱུང་གནས་ངོ་མ་ཅིག་ཨིན། དེ་ཡང་ ང་ལུ་བདེ་བ་དགོ་ནི་ཟེར་ མི་དགེ་བའི་ལས་བསགས། ལས་འབྲས་བསླུ་བ་མི་སྲིད་ཅེས་ སྡིག་པའི་ལས་ཀྱི་འབྲས་བུ་ ནམ་ཡང་བདེ་བ་མི་འབྱུང་། བཞི་པ་ སྡུག་བསྔལ་བ་ལ་བདེ་བར་འཛིན་པ། ང་བཅས་ཚུ་འཁོར་བར་སྐྱེ་དགོ་མི་འདི་ ལས་དང་ཉོན་མོངས་པ་ཡིན་ཏེ། ཚད་མ་རིགས་པའི་གཏེར་ལས། སྐྱེ་རྒྱུ་མ་རིག་དེ་ལས་ཀྱང་། ། ཉོན་མོངས་ལས་དང་འཁོར་བ་འབྱུང་། ། ཞེས་གསུངས་འདུག། མཐོ་བ་སྲིད་པའི་རྩེ་མོ་མན་ཆད་ནས་ དམའ་བ་དམྱལ་བ་མནར་མེད་ཡན་ཆད་ཀྱི་འགྲོ་བ་རྣམས་ འཁོར་བ་ཐོག་མ་མེད་པ་ནས་ སྡུག་བསྔལ་གྱིས་ཉམས་ཐག་སྡོདཔ་མས། དེ་ཡང་འཁོར་བ་ལུ་ཐོག་མ་མེད་ཅེས་ཚད་མ་རིགས་པའི་གཏེར་ལས། སེམས་ལས་གཞན་ལ་ལྟོས་མེད་ཕྱིར། །རྟགས་ཀྱི་སྔོན་མཐའ་ཐུག་མེད་གྲུབ། །ཅེས་གསུངས་འདུག། ཡང་ཚད་མ་རིགས་པའི་གཏེར་ལས། རྒྱུ་ཚོགས་ཚང་ཞིང་གེགས་མེད་པ། །རྟགས་ཀྱི་ཕྱི་མཐའ་ཐུག་མེད་གྲུབ། །ཅེས་གསུངས་པ་ལྟར། དཔེར་ན་ཨེ་པཱལ་གྱི་ས་བོན་ཅིག་ལ་ ལྕུག་གསར་བཞད་པའི་རྐྱེན་ ས་ཆུ་མེ་རླུང་མདོར་ན་འབྱུང་བ་བཞི་ཚང་པ་ཅིན་ ལྕུག་གུ་སྐྱེས་དོ་བཟུམ་ མི་དགེ་བའི་ལཱ་ལས་འཛེམ་མ་ཚུགས་པ་ཅིན་ འཁོར་བའི་སྡུག་བསྔལ་ལས་ཐར་མི་སྲིད། ཇི་སྐད་དུ། འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་འདུག།

རྒྱལ་སྲས་དངུལ་ཆུ་ཐོག་མེད་ཀྱིས། སྡུག་བསྔལ་མ་ལུས་བདག་འདོད་དེ་ལས་འབྱུང། །རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། ། ཅེས་གསུངས་འདུག། དེ་ཡང་ སྡུག་བསྔལ་ནི་ཐམས་ཅད་བདག་འདོད་པའི་བློའམ་ ང་དང་ང་ཡོད་པར་འཛིན་པའི་བློ་ཡིན། སྡུག་བསྔལ་ལས་ཐར་དགོ་པ་ཅིན་ སེམས་ཀྱི་ངོ་བོ་སྟོང་ཉིད་ཡིན་པར་རྟོགས་དགོས། སྡུག་བསྔལ་ནི་ཐམས་ཅད་ཚེ་སྔ་མའི་ལས་ཀྱི་འབྲས་བུ་ཡིན་ཏེ་ ལས་འབྲས་ལ་སླུ་བ་མེད། དེ་ཡང་མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟད། །ཚོགས་ཤིང་དུས་ལ་འབབ་པ་ན། །འབྲས་བུ་མྱུར་དུ་སྨིན་པར་འགྱུར། ། ཞེས་གསུངས་འདུག། སྡུག་བསྔལ་ནི་མི་དགོས་སྙམ་ན་ མི་དགེ་བ་བཅུ་སྤོང་ནས་ དགེ་བ་བཅུ་ལ་བརྩོན། ཚེ་འདིའི་སྤྱོད་ཡུལ་ལ་བསམ་ནས་མི་རྟག་པ་བསྒོམ། སྲིད་པའི་བདེ་བ་ལ་བསམ་ནས་ འཁོར་བའི་ཉེས་དམིགས་ལས་འབྲས་དང་བཅས་པ་བསྒོམ། ཞི་བའི་བདེ་བ་ལ་བསམ་ནས་བྱམས་དང་སྙིང་རྗེ་བསྒོམས་པ་སོགས་ཡིན། མདོ་ལས། ཐུབ་པས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང། །འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་མི་ནུས། །ཉིད་ཀྱི་རྟོག་པ་གཞན་ལ་སྤོ་མིན་ཡང་། །ཆོས་ཉིད་ཞི་བ་བསྟན་ནས་གྲོལ་བར་འགྱུར། །ཞེས་གསུངས་སོ། །

ཡི་དྭགས། ཞུན་དག།

འཁོར་བ་ནི་ཁམས་གསུམ་གྱི་འཇིག་རྟེན་ཏེ་ འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་ཁམས་གསུམ་མོ། ། འདོད་ཁམས་ལ་ཡང་ འགྲོ་བ་རིགས་དྲུག་དང་། འདོད་ལྷ་རིགས་དྲུག་དང། གཟུགས་ཁམས་གནས་རིས་བཅུ་བདུན་ནོ། །འཇིག་རྟེན་སྣ་ཚོགས་ལས་ཀྱི་བྱས་པ་ཡིན་ཏེ་། མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། ། ཞེས་གསུངས་པ་ལྟར། ལས་དགེ་བ་དང་། སྡིག་པ་དང་ གཏང་སྙོམས་གསུམ་འཚོགས་པ་ལས་ འཇིག་རྟེན་འདི་ཡི་སྐྱེ་བ་ཐམས་ཅད་འབྱུང་བ་ཡིན། དེར་མ་ཚད་སྙིང་རྗེ་པདྨ་དཀར་པོ་ལས་ཀྱང་། འཇིག་རྟེན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་སྤྲུལ་པའོ། ། སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་བྱུང་བ། ལས་ཀྱི་རབ་ཏུ་ཕྱེ་བའོ། ། ཞེས་གསུངས་པ་ལྟར། འཇིག་རྟེན་ནི་ རང་གི་ལས་དགེ་སྡིག་སོགས་བྱས་པ་ལས་འབྱུང་བ་དང་། ཆོས་ཐམས་ཅད་ལས་ཀྱིས་སྤྲུལ་པ་ཡིན། དེ་ལྟར་སེམས་ཅན་རྣམས་ཡང་རང་གི་ལས་ཀྱི་བྱས་པ་དང་ ལས་དབང་གི་འཇིག་རྟེན་འདིའི་གནས་སོ་སོ་ནང་སྐྱེ་བ་ཡིན་ནོ། ། ༼ཐར་པ་རིན་པོ་ཆེའི་རྒྱན་་་་ཤོག་གྲངས་༨༢༽

འགྲོ་བ་རིགས་དྲུག་སྟེ། དང་པོ་མཐོ་རིས་གསུམ་ནི། ལྷ་དང་། ལྷ་མ་ཡིན་དང་། མི་དང་། ངན་སོང་གསུམ་ནི། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་གསུམ་མོ།། དེའི་ནང་ནས་ཡི་དྭགས་ལ་སྤྱིའི་མཚན་ཉིད་དང་། དབྱེ་བ་དང་། སྡུག་བསྔལ་དང་། ཡི་དྭགས་སྐྱེ་བའི་རྒྱུ་སྟེ་ ས་བཅད་རྣམ་པ་བཞིའི་སྒོ་ནས་བསྟན་པའོ། ། དང་པོ་ཡི་དྭགས་སྤྱིའི་མཚན་ཉིད་ནི། ཟས་སྐོམ་ཡིད་ལ་བཏགས་པའམ་ བཀྲེས་སྐོམ་གྱིས་ཤིན་ཏུ་ནོན་པས་ན་ཡི་དྭགས་ཞེས་པའོ། ། དེ་གང་ན་གནས་ཞེས་ན་ འཛམ་བུ་གླིང་འདིའི་འོག་ཏུ་ དཔག་ཚད་ལྔ་བརྒྱ་བཅད་པ་ན་ཡོད་དོ། ། དེ་ན་ཡི་དྭགས་ཀྱི་གཙོ་བོ་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཞེ་བྱ་བ་དང་ དེ་ཡི་མཐའ་འཁོར་ལུ་ ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ཡོད་ཅེས་ མདོ་དྲན་པ་ཉེར་གཞག་ནས་བཤད་དོ། ། ཡི་དྭགས་ཀྱི་ཚེ་ཚད་ནི་ མིའི་ཟླ་སྟོད་ལ་ཉིན་མོ་དང་། མི་ཡི་ཟླ་སྨད་ལ་ཞག་གཅིག་ཏེ་ འགྲོ་བ་མིའི་ཟླ་ངོ་གཅིག་ལ་ཡི་དྭགས་རྣམས་ཀྱི་ཉིན་ཞག་གཅིག་བརྩིས་ཏེ་ རང་ལོ་ལྔ་བརྒྱ་རེ་ཐུབ་པ་ཡིན་ནོ། ། དེ་ཡང་བཤེས་པའི་སྤྲིངས་ཡིག་ལས། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ཡི། །དྲྭ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར།། ཞེས་གསུངས་སོ།།

གཉིས་པ་དབྱེ་བ་བཤད་པ་ལ་གསུམ་ཏེ། ཡི་དྭགས་ཕྱིའི་ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། ཟས་སྐོམ་ལ་སྒྲིབ་པ་ཡོད་པ་སྟེ་གསུམ་མོ། དང་པོ་ཡི་དྭགས་ཕྱིའི་ཟས་སྐོམ་ལ་སྒྲིབ་པ་ཡོད་པ་ནི་ ཡི་དྭགས་དེའི་ངོ་བོར་བཀྲེས་པའི་ཟས་སོགས་རྣག་ཏུ་མཐོང་བ་དང་ སྐོམ་པའི་ཆུ་སོགས་ཁྲག་ཏུ་མཐོང་བའོ། དེ་དག་རྣམས་ཀྱང་གཞན་གྱིས་འགོག་པར་མཐོང་ནས་ དེ་ཡང་ཟ་ནི་དང་འཐུང་ནི་ལུ་རང་དབང་མེད་པ་ཞིག་གོ། གཉིས་པ་ཡི་དྭགས་ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་ཀྱི་མིག་ཙམ་ཡོད་པ་ལ་ ཟ་གཏུང་སོགས་གཞན་གྱིས་མི་འགོག་ཀྱང་ རང་གིས་ཟ་བའི་ནུས་པ་མེད་པ་ཅིག་ལ་གོ་བའོ།། དེ་ཡང་བཤེས་པའི་སྤྲིངས་ཡིག་ལས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ།། ཞེས་གསུངས་སོ།། གསུམ་པ་ཡི་དྭགས་ཟས་སྐོམ་གྱི་སྒྲིབ་པ་ཡོད་པ་ལ་ཡང་གཉིས་ཏེ། མེ་ལྕེའི་ཕྲེང་བ་ཅན་དང་། ལྗན་ལྗིན་ཟ་བ་གཉིས་སོ།། དེ་ཡང་དང་པོ་ མེ་ལྕེའི་ཕྲེང་བ་ཅན་ནི་ ཟས་སོགས་ཟ་བ་དང་འཐུང་བ་ཙམ་གྱིས་ མགྲིན་པ་དང་ལྟོ་བ་སོགས་འཚིག་པར་འགྱུར་བ་ལ་གོ་བའོ།། གཉིས་པ་ལྗན་ལྗིན་ཟ་བ་ནི་ མི་གཙང་བའི་ཟས་ ཆུ་དང་ཨ་ཝ་སོགས་ཟ་བ་དང་ རང་གི་གཟུགས་ཁ་ལས་ཤ་བཅད་ཅིང་ཟ་བ་སོགས་ལ་གོ་བ་ཡིན་ནོ།།

གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་ནི་བཤེས་པའི་སྤྲིངས་ཡིག་ལས། སྨན་རིགས་འགས་ནི་རྣག་དང་ཕྱི་ས་དང་།། ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ།། ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས།། ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ།། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི།། ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་།། ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས།། བལྟས་པ་ཙམ་གྱིས་རླུང་ཡང་སྐམ་པར་འགྱུར།། ཞེས་གསུངས་པ་ལྟར། རང་གིས་འཚོ་བ་ལ་ཕན་པའི་ཟས་སོགས་འགས་ནས་ མི་གཙང་བ་ཁྲག་དང་རྣག་ཨ་ཝ་ཡང་མི་འཐོབ་པའི་ཁར་ ཁོང་ར་གཅིག་གིས་གཅིག་གདོང་སྐོར་སྦེ་ཕྱད་དེ་འབད་རུང་ བཟོ་ཤིན་ཏུ་ཉེས་པ། མགྲིན་པར་ལྦ་བ་མཐོང་བ་དང་ལྦ་བ་འདི་སྨིན་ནས་ དེའི་ནང་ནས་ཁྲག་དང་རྣག་སོགས་མཐོང་བ་དང་། ཡི་དྭགས་ཀྱི་གནས་འདི་ཁར་ གནམ་སོ་ཁའི་དུས་སུ་ཟླ་བ་ལས་ཡང་ཚ་བ་དང་ དགུན་གྱི་དུས་སུ་ཉི་མ་ལས་ཡང་གྲང་བ་སོགས་བྱུང་བ་དང་། ལྗོན་ཤིང་འདི་ཚུ་ཡོད་དེ་འབད་རུང་ ལས་ཀྱི་དབང་གིས་འབྲས་བུ་བཏགས་ནི་མེདཔ་མ་ཚད་ ཁོང་ཚུ་གི་ལྟ་བ་ཙམ་གྱིས་ ཆུ་དང་རླུང་ཚུ་ཡང་བསྐམས་འགྱོ་བའི་སྡུག་བསྔལ་དཔག་མེདཔ་ཅིག་མྱོང་དགོས་སོ།། མདོར་ན་ཡི་དྭགས་ཀྱི་གནས་སུ་ རང་གི་ལས་མ་ཟད་ཚུན་ བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་ལོ་སྟོང་སྦེ་མྱོང་བ་ཡིན་ནོ།།

བཞི་པ་ཡི་དྭགས་ཀྱི་གནས་སུ་སྐྱེ་བའི་རྒྱུ་ནི། ལུས་དང་། ངག་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་ཆུང་བ་དང་། གཞན་གྱི་ནོར་ལ་ཆགས་པ་དང་། ལོག་པར་འཚོ་བ་དང་། སེར་སྣ་བྱེད་པ་དང་། སྦྱིན་པ་འགོག་པ་དང་། རང་ལུ་བཀའ་དྲིན་ཆེ་བ་རྣམས་ལ་གུས་བཀུར་མ་བྱེད་པ་སོགས་ཡིན་ནོ།། ཡི་དྭགས་ཀྱི་གནས་སུ་སྐྱེ་ནའང་ མི་ཁོམས་པའི་གནས་ཏེ་ ཐར་པ་ཐོབ་པའི་དུས་མེད། སྐྱེ་བ་འདི་ཟློག་པའི་ཕྱིར་ མདོར་ན་སེར་སྣ་སྟེ་ གོང་མ་སངས་རྒྱས་ཆོས་དགེ་འདུན་སོགས་ལ་མཆོད་པ་ཕུལ་མ་ཧུམ། ངན་སློང་ལུ་སྦྱིན་པ་བཏང་མ་ཧུམ། རང་ཟ་མ་ཧུམ་པར་ འདོད་ཆགས་ཀྱི་སྒོ་ནས་ནོར་སོགས་ཐམས་ཅད་རང་གི་དབང་འདུས་ནས་ བསྡམས་བཞག་པ་སོགས་སྤོང་ཞིང་ སྦྱིན་པ་གཏོང་བ་དང་། རང་གི་དགེ་བའི་བཤེས་གཉེན་དང་དྲིན་ཅན་ཕ་མ་སྟེ་ མདོར་ན་རང་ལུ་དྲིན་ཆེ་བའི་ཡུལ་སོགས་ལ་ མ་གུས་པའི་བྱ་བ་སོགས་དོར་ནས་ གུས་བཀུར་བྱེད་པ་སོགས་ཡིན་ནོ།།

ཀུན་འབྱུང་གི་བདེན་པ། ཞུན་དག།

སངས་རྒྱས་ཀྱི་ཡུལ་ཝ་ར་ན་སི་ལུ་ བདེན་པ་བཞི་ཡི་ཆོས་འཁོར་སྐོར་བའི་སྐབས་ སྡུག་བསྔལ་ཤེས་པར་བྱ། ། ཀུན་འབྱུང་སྤང་བར་བྱ། ། འགོག་པ་མངོན་དུ་བྱ། ། ལམ་རྒྱུད་ལ་བསྟན་པར་བྱ། ། ཞེས་གསུངས་འདུག། འཕགས་པའི་བདེན་པ་ལུ་ རྣམ་པ་བཞིར་དབྱེ་བ་ཡིན་ཏེ་ སྡུག་བསྔལ་འཕགས་པའི་བདེན་པ། ཀུན་འབྱུང་འཕགས་པའི་བདེན་པ། འགོག་པ་འཕགས་པའི་བདེན་པ། ལམ་འཕགས་པའི་བདེན་པའོ། ། དེ་ཡང་ རྒྱུ་དང་འབྲས་བུ་གཉིས་སུ་བཤད་པའི་སྐབས་ སྡུག་བསྔལ་གྱི་བདེན་པ་ནི་འཁོར་བའི་འབྲས་བུ་དང་། ཀུན་འབྱུང་གི་བདེན་པ་ནི་འཁོར་བའི་རྒྱུ་དང་། དེ་བཞིན་འགོག་པའི་བདེན་པ་ནི་མྱང་འདས་ཀྱི་འབྲས་བུ་དང་། ལམ་གྱི་བདེན་པ་ནི་མྱང་འདས་ཀྱི་རྒྱུ་ཡིན་ནོ། ། དེ་ལས་སྡུག་བསྔལ་བདེན་པ་དང་ ཀུན་འབྱུང་བདེན་པ་གཉིས་ནི་ ཟག་བཅས་ཀྱི་ཆ་དང་། འགོག་པའི་བདེན་པ་དང་ ལམ་གྱི་བདེན་པ་གཉིས་ནི་ ཟག་མེད་ཀྱི་ཆ་ཡིན་ནོ། ། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་ འཕགས་པའི་བདེན་པ་ཞེས་བཏགས་དགོས་པའི་རྒྱུ་མཚན་ནི་ བདེན་པ་བཞི་ཡི་གནས་ལུགས་སམ་རང་བཞིན་ག་ཨིན་མི་འདི་ མཐའ་བཅད་དུ་རྟོགས་ཚུགས་མི་ འཕགས་པ་ཁོ་ན་ཡིན་པའི་ཕྱིར་ འཕགས་པའི་བདེན་པ་ཞེས་པའོ། ། དེ་ཡང་མདོ་ལས། བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། ། ཞེས་གསུངས་པར་ལྟར། (ཞི་བདེ་དང་དགའ་སྐྱིད་སྤེལ་བའི་ཐབས་ལམ་དུས་བབ་ཀྱི་ཆོས་ཚན་རྩ་གཞུང་ ༢༠༡༩ ཤོག་གྲངས་ ༤༡) བྱིས་པ་སྟེ་སོ་སོ་སྐྱེ་བོ་ང་བཅས་ཚུ་གིས་ མ་དག་པའི་རྐྱེན་ལས་ དཔེར་ན་ལག་མཐིལ་དུ་སྤུ་ཅིག་བཞག་པ་ཅིན་ དེ་ཡོད་མེད་ཀྱི་ཚོར་བ་གང་ཡང་མེད་པ་བཞིན་ འདུ་བྱེད་ཀྱི་སྡུག་བསྔལ་རྟོགས་མི་ཚུགས། ཡིན་ཡང་འཕགས་མིག་ཅན་ཏེ་ གལ་ཏེ་ལག་མཐིལ་གྱི་སྤུ་འདི་རྐྱེན་ཅིག་ལས་ རང་གི་མིག་ཏུ་སོང་ན་ཚ་བའི་སྡུག་བསྔལ་མྱོང་བ་བཞིན་ འཕགས་པའི་འདུ་བྱེད་ཀྱི་སྡུག་བསྔལ་རྟོགས་པ་བཞིན་ནོ།།

དང་པོ་ ཀུན་འབྱུང་བདེན་པའི་མཚན་ཉིད་ནི་ སྡུག་བསྔལ་ཀུན་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་ ཀུན་འབྱུང་བདེན་པ་ཞེས་པ་ཡིན། དེ་ཡང་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཏེ་ འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ཏེ་ ཐམས་ཅད་འབྱུང་བའི་རྒྱུ་ཡིན་ནོ།། ཀུན་འབྱུང་བདེན་པ་ནི་མདོར་ན་ རྩ་བའི་ཉོན་མོངས་པ་ འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྟེ་གསུམ་ཡིན། དེ་ཡང་ཚད་མ་རིགས་པའི་གཏེར་ལས་ཀྱང་། སྐྱེ་རྒྱུ་མ་རིག་དེ་ལས་ཀྱང་། །ཉོན་མོངས་ལས་དང་འཁོར་བ་འབྱུང།། ཞེས་གསུངས་འདུག། དང་པོ་འདོད་ཆགས་ནི། སྡུག་བསྔལ་ཀུན་གྱི་རྒྱུ་ཡིན་ཏེ་ སྤྱོད་ཡུལ་ཐམས་ཅད་ལ་ཆགས་པ་དེ་ཨིན། དེ་ཡང་ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པ་དང་། སྲིད་པའི་བདེ་བ་ལ་ཆགས་པ་དང་། ཞི་བའི་བདེ་བ་ལ་ཆགས་པ་སྟེ་གསུམ་ཡིན་ནོ། དེ་ཡི་སྟེང་དུ་ སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་པ་བཀལ་བ་ཅིན་ རྒྱུ་མཚན་འདི་རྣམས་སངས་རྒྱས་མི་ཐོབ་པའི་གེགས་བཞི་ཡིན་ནོ། ། དང་པོ་ཚེ་འདི་ཡི་སྤྱོད་ཡུལ་ལ་ཆགས་པ་ནི་ འཇིག་རྟེན་འདི་ནང་ཡོད་པའི་ ཆོས་ཐམས་ཅད་ལ་ཆགས་པའི་ སེམས་འདི་ལུ་གོཝ་ཨིན། འདི་ཡང་ འདི་ངེ་གི་ཨིན་ཟེར་ བདག་ཏུ་བཟུང་བའི་བློ་ཕྱིན་ཅི་ལོག་པ་འདི་ཨིན། རང་གི་འདོད་པ་ལས་བརྟེན་གཞན་གྱི་ནོར་ལུ་ཆགས་ཏེ་ ང་ལུ་ཡང་འདི་དགོ་པས་ཟེར་ ནོར་འདི་ཐོབ་པའི་ཕྱིར་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་ འདི་རང་གི་ཕྱོགས་སུ་དབང་། འདི་ལས་བརྟེན་ རང་ལུ་ དུས་ནམ་ར་འབད་རུང་ སེམས་ཁར་ དཀའ་ངལ་ཅིག་ལས་གཞན་མེད་དེ། རྗེ་བཙུན་མི་ལ་རས་པས། ཕྱུག་པོ་ཐམས་ཅད་ཡོད་སྡུག་ཡིན། ། དབུལ་པོ་ཐམས་ཅད་མེད་སྡུག་ཡིན། ། ཡོད་མེད་གཉིས་ཀ་སྡུག་བསྔལ་ཡིན། ། བུ་དམ་ཆོས་ནུས་ན་སྐྱིད་དང་མཇལ། ། ཞེས་གསུངས་འདུག། སྲིད་པའི་བདེ་བ་ལ་ཆགས་པའི་བློ་འདི་ སྤང་དགོ་པ་ཅིན་ འདུ་བྱེད་ཐམས་ཅད་ མི་རྟག་པ་ཡིན་པར་བསྒོམ་པའི་བློ་འདི་ཨིན་ནོ། ། གཉིས་པ་སྲིད་པའི་བདེ་བ་ལ་ཆགས་པ་ནི་ སྲིད་པ་གསུམ་ལུ་ཡོད་པའི་བདེ་བ་འདི་ལུ་ ཆགས་པའི་བློ་འདི་ཨིན། དེ་ཡང་མཐོ་བ་སྲིད་པའི་རྩེ་མོ་ནས་ མར་ རྒྱལ་ཆེན་རིགས་བཞིའི་བདེ་བ་སོགས་ཡིན་ནོ། ། བདེ་བ་འདི་ཚུ་མཐར་ཐུག་གི་བདེ་བ་མེན་པར་ སླར་ཡང་ངན་སོང་གསུམ་ལུ་སྐྱེ་སྟེ་ སྡུག་བསྔལ་གྱི་རྒྱུ་ཅིག་ཨིན། སྲིད་པའི་བདེ་བ་ལ་ཆགས་པའི་བློ་འདི་ སྤང་དགོ་པ་ཅིན་ ལས་རྒྱུ་འབྲས་ཡོད་པར་ལྟ་བ་འདི་ཨིན། གསུམ་པ་ཞི་བའི་བདེ་བ་ལ་ཆགས་པ་ནི་ ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལུ་ཡོད་པའི་ བདེ་བ་ལ་ཆགས་པའི་བློ་འདི་ཨིན། དེ་ཡི་ཉན་རང་གི་ས་ལུ་ཡོད་པའི་བདེ་བ་ནི་ མཐར་ཐུག་གི་བདེ་བ་མེན། འདི་སྤང་ནིའི་དོན་ལུ་ བྱམས་པ་དང་སྙིང་རྗེ་བསྒོམ་ནི་འདི་ཨིན། འདི་འབདཝ་ལས་འདོད་ཆགས་ནི་ འཁོར་བའི་སྡུག་བསྔལ་ཐམས་ཅད་རྩ་བ་རྒྱུ་ཡིན་ཏེ་ འདི་སྤང་བྱ་ཡིན་ནོ།།

གཉིས་པ་ཞེ་སྡང་ནི། ཁོང་ཁྲོ་བའི་སེམས་ཅིག་ལུ་གོཝ་ཨིན་པས། དེ་ཡང་མི་འདིའི་རྒྱུད་ལུ་ ཞེ་སྡང་ཤུགས་ཆེ་བ་ཅིན་ བདེ་བ་འདི་དུས་ནམ་ཡང་འབྱུང་མི་སྲིད། ཞེ་སྡང་འདི་རང་གི་རྒྱུད་ལུ་ཡོད་པ་ཅིན་ ཉིནམ་གཅིག་བ་གཅིག་ རང་གི་ བྱམས་པའི་གཉེན་དང་བུ་གཞི་ ཁྱིམ་ཚང་དང་ལྟ་ལྟོ་ཚང་ཐམས་ཅད་ རང་གི་དགྲ་ལུ་འགྱུར་ནི་ཨིན་མས། རང་ལུ་དགྲ་འདི་མང་པའི་བསྒང་ལས་ སེམས་ལུ་བདེ་བ་འབྱུང་སྲིད་ནི་མས་ག། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས། རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན། ། ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར། ། དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས། ། རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན། ། ཟེར་གསུངས་བཞག་ནུག། འདི་ཡང་ རང་གི་རྒྱུད་ལུ་ ཡོད་པའི་ཞེ་སྡང་གི་བློ་འདི་ མ་བཏུལཝ་འདྲཝ་ཅིག་འབད་བ་ཅིན་ ཕྱི་རོལ་གྱི་དགྲ་འདི་ཚར་བཅད་ཡི་བཅད་ཡི་ ཉུང་སུ་འགྱོ་ནི་མེན་པར་ ཉིནམ་གཅིག་བ་གཅིག་ཡར་འཕེལ་ནི་ཨིན་པས། འདི་འབདཝ་ལས་ ཕྱི་རོལ་གྱི་དགྲ་འདི་བཏུལ་ནིའི་དོན་ལུ་ མཚོན་ཆ་གྱི་དང་ཀྲིང་ཀ་སོགས་ འབག་སྟེ་མེན་པར་ བྱམས་པ་དང་སྙིང་རྗེའི་སྒོ་ལས་ རང་གི་རྒྱུད་ལུ་ཡོད་པའི་ཞེ་སྡང་གི་སེམས་འདི་བཏུལ་བ་ཅིན་ ཕྱི་རོལ་གྱི་དགྲ་ཐམས་ཅད་ བཏུལ་ཚར་དོ་བཟུམ་ཅིག་ཨིན་མས། འདི་འབདཝ་ལས་ཞེ་སྡང་གི་སེམས་འདི་ རང་གི་རྒྱུད་ལུ་ཡོད་པ་ཅིན་ སེམས་ལུ་ བདེ་བ་ཅིག་འབྱུང་བའི་དུས་མེད་དེ་ ཚེ་འདི་ཕྱི་གཉིས་ཀ་སྡུག་བསྔལ་མྱོང་ནི་ཨིན། སངས་རྒྱས་ཀྱིས་ཡང་། ཞེ་སྡང་ལྟ་བུའི་སྡིག་པ་མེད། ། ཅེས་གསུངས་འདུག་གོ ། གསུམ་པ་གཏི་མུག་ནི། རྨོངས་པའི་སེམས་འདི་ཨིན། འདི་གིས་སྦེ་ ལས་དགེ་སྡིག་སོགས་ངོ་མ་ཤེས་པར་ སྡིག་པ་ཚད་མེད་པ་བསགས་པ་དང་། གཏི་མུག་མ་རིག་པའི་དབང་གིས་ ལས་རྒྱུ་འབྲས་སོགས་ཡོད་པར་ ཡིད་ཆེས་མེད་པའི་བློ་ཅིག་ཨིན། གཏི་མུག་མ་རིག་པ་གིས་སྒྲིབ་སྟེ་ སེམས་ཅན་ཐམས་ཅད་ཕྱིན་ཅི་ལོག་པར་འཛིན། འདི་ཡང་མི་རྟག་པ་ལུ་རྟག་པ་འཛིན་པ་དང་། བདག་མེད་པ་ལུ་བདག་ཏུ་འཛིན་པ་དང་། མི་གཙང་བ་ལ་གཙང་བར་འཛིན་པ་དང་། སྡུག་བསྔལ་བ་ལ་བདེ་བར་འཛིན་པའི་བློ་ལོག་པ་སོགས་ཨིན། དང་པོ་ མི་རྟག་པ་ལ་རྟག་པ་འཛིན་པ་ནི་ འཁོར་བའི་ཆོས་ཐམས་ཅད་ཀྱི་ངོ་བོའམ་རང་བཞིན་ མི་རྟག་པ་ཨིན་ཏེ་འབད་རུང་ འདི་ལུ་རྟག་པ་ཨིན་པར་འདོད་པའི་བློ་ཅིག་ཨིན་མས། འདི་གིས་སྦེ་རྒྱུད་ལུ་འདོད་ཆགས་ཡར་འཕེལ་ནས་ ཆོས་སྒྲུབ་པའི་གོ་སྐབས་མེད་དེ་ ཚེ་འདི་དང་ཕྱི་མ་གཉིས་ཀ་ལུ་ སྡུག་བསྔལ་གྱི་རྒྱུ་ཅིག་ཨིན། གཉིས་པ་བདག་མེད་པ་ལ་བདག་ཏུ་འཛིན་པ་ནི་ ང་དང་ང་ཡོད་འཛིན་པའི་བློ་འདི་ཨིན། འདི་གིས་སྦེ་ང་ལུ་བདེ་བ་དགོ་ཟེར་ ལས་འདྲ་མིན་སྣ་ཚོགས་བསགས། སྡུག་བསྔལ་དགོ་ཟེར་ རང་གི་བདེ་བའི་ཕྱིར་ གཞན་ལུ་ཚད་མེད་པའི་གནོད་པ་བཀལ། རང་གི་གཉེན་ཨིན་ཟེར་འདི་ལུ་དགའ་ནི་དང་། དགྲ་ཨིན་ཟེར་འདི་ལུ་ ཞེ་སྡང་ལང་ནི་ཐམས་ཅད་ ང་དང་ང་ཡོད་ཟེར་འཛིན་པའི་བློ་འདི་ཨིནམ་ལས་ རང་ལུ་བདེ་བ་ཅིག་དུས་ནམ་ཡང་མེད་དོ། ། གསུམ་པ་མི་གཙང་བ་ལ་གཙང་བར་འཛིན་པ་ནི་ ཤ་དང་ཁྲག་གི་ཕུང་པོའི་ངོ་བོའམ་རང་བཞིན་ནི་ མི་གཙང་བ་ཨིན་ཏེ་འབད་རུང་ འདི་ལུ་གཙང་བ་འཛིན་པའི་བློ་ཅིག་ལ་གོཝ་ཨིན་། དེ་ཡང་ཕྱི་རོལ་གྱི་ཡུལ་ གཟུགས་མཛེས་པ་ཅིག་ལུ་ཆགས་པའི་སེམས་ཀྱིས་ འདི་ཐོབ་ནིའི་དོན་ལུ་ མ་བྱིན་ལེན་པ་དང་འདོད་པའི་ལོག་པར་གཡེམ་པ་ ལ་སོགས་པའི་མི་དགེ་བ་བསགས་པ་སོགས་ཨིན། བཞི་པ་སྡུག་བསྔལ་བ་ལ་བདེ་བར་འཛིན་པ་ནི་ འཁོར་བའི་ངོ་བོའམ་རང་བཞིན་ སྡུག་བསྔལ་ཨིན་ཏེ་འབད་རུང་ འདི་ལུ་བདེ་བ་ཨིནམ་སྦེ་འཛིན་པའི་བློ་ཅིག་ལུ་གོཝ་ཨིན་མས། དེ་ཡང་ཚད་མ་རིགས་པའི་གཏེར་ལས། རྒྱུ་ཚོགས་ཚང་ཞིང་གེགས་མེད་པ། །རྟགས་ཀྱི་ཕྱི་མཐའ་ཐུག་མེད་གྲུབ། །ཅེས་གསུངས་པ་ལྟར་ དཔེར་ན་ས་བོན་ཅིག་ལ་སྐྱེ་བྱེད་ཀྱི་ རྒྱུ་ ས་ཆུ་མེ་རླུང་སོགས་ཚང་པ་ཅིན་ ལྕུག་གུ་སྐྱེ་དོ་བཟུམ་ མི་དགེ་བའི་ལས་ནི་ས་བོན་དང་ འཁོར་བ་ནི་ལྕུག་གུ་ཡིན་ནོ། །མདོར་ན་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ནི་ འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ། ། འདི་གིས་སྦེ་ཚེ་འདི་ལུ་ སྡུག་བསྔལ་མྱོང་ནི་དང་ ཚེ་ཤུལ་མ་ཡང་ ངན་སོང་གསུམ་ཏེ་ དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་ལ་སོགས་པའི་ལུས་སུ་སྐྱེ་བ་ལེན་ཏེ་ སྡུག་བསྔལ་མྱོང་ནི་ཨིནམ་ལས་ ཀུན་འབྱུང་བདེན་པ་ནི་སྤང་བྱ་ཡིན་ནོ།།

དལ་འབྱོར་རྙེད་དཀའ། ཞུན་དག།

དེ་ཡང་ དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ཡི་ལུས་རྟེན་འདི་ནི་ ངོ་བོ་དང་། རྒྱུ་དང་། དཔེ་དང་། གྲངས་སོགས་ཀྱི་སྒོ་ནས་མནོ་བསམ་གཏང་པ་ཅིན་ཐོབ་པར་ཤིན་ཏུ་དཀའ། རྙེད་ན་ཕན་པ་འདོགས་ཏེ་ སྐྱེས་བུ་གསུམ་གྱིས་དོན་ལུ་འབད་ཚུགས་པ་ཅིན་ མངོན་མཐོ་ངེས་ལེགས་སམ་སངས་རྒྱས་ཀྱི་གོ་འཕང་ ཐོབ་པའི་སྟོབས་སམ་ནུས་པ་ཡོད། ད་ལྟོ་རྙེད་པར་ག་ནི་བ་དཀའ་བའི་ མི་ལུས་རིན་པོ་ཆེ་ཐོབ་སྟེ་འབད་རུང་། ཚེ་རབས་དུས་རྒྱུན་ཕན་པའི་དམ་པའི་ཆོས་མ་བསྒྲུབས་པ་ཅིན། སྐྱེ་བ་ཕྱི་མ་ལུ་ འགལ་རྐྱེན་མི་ཁོམས་པའི་གནས་བརྒྱད་དང་བྲལ་ཞིང་ མཐུན་རྐྱེན་འབྱོར་པ་བཅུ་ཚང་བའི་ མི་ཡི་ལུས་རྟེན་ཡང་དག་པ་ཐོབ་པར་མི་འགྱུར་རོ།། དེ་ཡང་སྤྱོད་འཇུག་ལས། (ཕྱག་ཆེན་སྔོན་འགྲོ་ ༢༠༡༢ ཤོག་གྲངས་ ༡༡) དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པ་ག་ལ་འགྱུར།། ཞེས་གསུངས་སོ།།

དལ་འབྱོར་རྙེད་པར་དཀའ་ཚུལ་ལ་བཞི་ཡོད་དེ། ༡-རྒྱུའི་སྒོ་ནས་རྙེད་པར་དཀའ་ཚུལ། ༢-ངོ་བོའི་སྒོ་ནས་རྙེད་པར་དཀའ་ཚུལ། ༣-དཔེའི་སྒོ་ནས་རྙེད་པར་དཀའ་ཚུལ། ༤-གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་ཚུལ་ལོ། ། དང་པོ་རྒྱུའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། སྤྱིར་ཆོས་ཐམས་ཅད་རྒྱུ་ལས་བྱུང་བ་ཡིན། དེ་ཡང་རྒྱུ་མ་རིག་ཉོན་མོངས་པ་ཤུགས་ཆེ་སྟེ་ མི་དགེ་བའི་ལས་བསགས་པ་ལས་ འབྲས་བུ་ངན་འགྲོ་དང་སྡུག་བསྔལ་འབྱུང་བ་ཨིན། དེ་ཡང་རིན་ཆེན་ཕྲེང་བ་ལས། (༢༠༡༢ ཤོག་གྲངས་ ༡༢) མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ།། ཞེས་གསུངས་སོ།། རྒྱུ་དད་པ་ཆེ་སྟེ་དགེ་བའི་ལས་བསགས་པ་ལས་ འབྲས་བུ་བདེ་འགྲོ་དང་བདེ་བ་འབྱུང་བ་ཨིན། དེ་ཡང་རིན་ཆེན་ཕྲེང་བ་ལས། (༢༠༡༢ ཤོག་གྲངས་ ༡༢) དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག ། ཅེས་གསུངས་སོ།། ཁ་གསལ་སྦེ་ཞུ་བ་ཅིན་ རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང་། སྦྱིན་པ་སོགས་གང་མང་བསགས་པ་དང་། མཚམས་སྨོན་ལམ་རྣམ་པར་དག་པ་སྦྱོར་བ་དང་། འབྲས་བུ་དལ་བ་འབྱོར་པ་ཚང་བའི་མི་ལུས་ཐོབ་པར་གསུངས་འདུག། དེ་ཡང་ འབྲས་བུ་དལ་བ་སྐྱེད་མི་འདི་རྒྱུ་ཚུལ་ཁྲིམས་དང་། འབྲས་བུ་འབྱོར་པ་སྐྱེད་མི་འདི་རྒྱུ་སྦྱིན་པའི་དགེ་བ་དང། དེ་ལས་འབྲས་བུ་སྨོན་ལམ་བཏབ་པ་ལས་ཕན་འདོགས་པའི་རྐྱེན་ཨིན། དེ་བཟུམ་མའི་རྒྱུ་རྐྱེན་འཚོགས་པ་ལས་འབྲས་བུ་ མི་ལུས་རིན་པོ་ཆེ་འབྱུང་རུང་ དེ་འདྲའི་རྒྱུ་སྒྲུབ་མི་ དཔེ་ཉིན་མའི་སྐར་མ་ལས་ཀྱང་དཀོན། དེ་ཡང་རྗེ་མི་ལས། (༢༠༡༢ ཤོག་གྲངས ༡༣) དལ་འབྱོར་མི་ལུས་མི་དཀོན་རྒྱུ། །ཚུལ་ཁྲིམས་སྲུང་བའི་མི་རེ་ཉུང་། །ཞེས་སོགས་གསུངས་པ་ལྟ་བུའོ།། གཉིས་པ་ངོ་བོའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། མི་ཁོམས་པའི་གནས་བརྒྱད་ནི། མདོ་དྲན་པ་ཉེར་བཞག་ལས། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས་ ༡༤) དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུག་པ་དེ་དག་མི་ཁོམས་བརྒྱད།། ཅེས་གསུངས་སོ། ། དམྱལ་བ་ལུ་སྐྱེས་ན་ཚ་གྲང་སྡུག་བསྔལ་གྱིས་ཆོས་འབད་ནི་མི་ཁོམས། ཡི་དྭགས་ལུ་སྐྱེས་བ་ཅིན་བཀྲེས་སྐོམ་སྡུག་བསྔལ་གྱིས་ཆོས་འབད་ནི་མི་ཁོམས། དུད་འགྲོ་ལུ་སྐྱེས་བ་ཅིན་བླུན་རྨོངས་བཀོལ་སྤྱོད་སྡུག་བསྔལ་གྱིས་ཆོས་འབད་ནི་མི་ཁོམས། ལྷ་ལུ་སྐྱེས་བ་ཅིན་འཆི་འཕོ་ལྟུང་སྡུག་བསྔལ་གྱིས་ཆོས་འབད་ནི་མི་ཁོམས། ཡུལ་མཐའ་འཁོབ་ལུ་སྐྱེས་བ་ཅིན་ སངས་རྒྱས་ཀྱི་བསྟན་པ་མེདཔ་ལས་ཆོས་འབད་ནི་མི་ཁོམས། མུ་སྟེགས་ལོག་ལྟ་ཅན་ལུ་སྐྱེས་བ་ཅིན་ རང་རྒྱུད་ལོག་ལྟ་གིས་ཆོས་འབད་ནི་མི་ཁོམས། མུན་པའི་བསྐལ་པ་ལུ་སྐྱེས་བ་ཅིན་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཡང་མི་གྲགས་ཏེ་ ལས་དགེ་སྡིག་གི་རྣམ་གཞག་ངོ་མ་ཤེས་པ་གིས་ཆོས་འབད་ནི་མི་ཁོམས། ལྐུག་པ་ལུ་སྐྱེས་བ་ཅིན་ཆོས་ལེགས་པར་བཤད་མི་ཚུ་རང་གིས་ཤེས་མི་ནུས་ཏེ་ ཆོས་འབད་ནི་མི་ཁོམས་པ་སྟེ་བརྒྱད་ཡིན་ནོ།། དེ་དག་མི་ཁོམས་པ་བརྒྱད་ལས་ལྡོག་པ་ལ་དལ་བ་བརྒྱད་ཨིན། དེ་ལས་ཁྱད་པར་གྱི་ཆོས་འབྱོར་པ་ལུ། རང་འབྱོར་ལྔ་དང་། གཞན་འབྱོར་ལྔ་སྟེ་གཉིས་ལས། དང་པོ་རང་འབྱོར་ལྔ་ནི། ཇི་སྐད་དུ། (༢༠༡༢ ཤོག་གྲངས་ ༡༥) ཡུལ་གྱི་དབུས་སུ་མིར་སྐྱེས་ཤིང་། །དབང་པོ་ཚང་ཞིང་གནས་ལ་དད། །ལས་མཐའ་མ་ལོག་མཐའ་རུ་ཕྱིན། །འདི་ལྔ་རང་གི་འབྱོར་པ་ཡིན། །ཞེས་གསུངས་པ་ལྟར། དེ་ལས་གཞན་འབྱོར་ལྔ་ནི། སངསརྒྱས་འཇིག་རྟེན་དུ་བྱོན་པ་དང་། དམ་པའི་ཆོས་བསྟན་པ་དང་། ཆོས་བསྟན་པ་རྣམས་གནས་པ་དང་། ཆོས་གནས་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་། གཞན་གྱི་ཕྱིར་སྙིང་བརྩེ་བ་བྱེད་པའོ། ། དེ་བཟུམ་མའི་དལ་འབྱོར་རྣམ་གཉིས་འཛོམས་པ་ནི་ འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཨིན་ནོ།། གསུམ་པ་དཔེའི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། དེ་ལ་དཔེ་ནི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ལས། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས་ ༡༨) དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཚུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས།།ཞེས་པ་ལྟར་རོ།། གང་ནས་གསུངས་ན་ཡང་དག་པའི་ལུང་ལས་ཏེ། ཇི་སྐད་དུ། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས ༡༨) ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་ལ། དེར་མི་ཅིག་གིས་ གཉའ་ཤིང་བུ་ག་གཅིག་པ་ཅིག་བོར་བ་རླུང་གིས་ཕྱོགས་བཞིར་འཕྱོའོ། ། དེ་ན་རུས་སྦལ་ཞར་བ་ལོ་སྟོང་ཕྲག་དུ་མ་ཐུབ་པ་ཞིག་ ཅེས་བྱ་བ་ལ་སོགས་པ་གསུངས་སོ།། དེའི་གོ་བ་རྒྱས་པར་བཤད་ན། རྒྱ་མཚོ་ཆེན་པོའི་ནང་གཉའ་ཤིང་བུ་ག་གཅིག་ཡོད་མི་འདི་རླུང་གིས་ཕར་ཚུར་འབག་དོ་ཡོདཔ་མས། རྒྱ་མཚོ་དེའི་གཏིང་ན་རུས་སྦལ་མིག་ཏོ་ཞརཝ་ ལོ་སྟོང་ཕྲག་རེ་ན་མཚོ་ཡི་ཁར་ལན་རེ་འོང་མི་གཉིས་ཕྱད་པ་ལས་མི་ཡི་ལུས་འདི་ཤིན་ཏུ་ཐོབ་པར་དཀའོ། །དལ་འབྱོར་གྱི་ལུས་ནི་རྒྱུ་དགེ་བ་བསགས་པ་ལས་ཐོབ་ཨིན། དེ་ལས་ ངན་སོང་ལུ་སྐྱེས་མི་འདི་དགེ་བའི་ལས་མ་འབད་བར་ མི་དགེ་བའི་ལས་སྡིག་པ་ར་འབདཝ་ལས་ཨིན་ནོ། ། བཞི་པ་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་ཚུལ་ནི། སེམས་ཅན་ཀྱི་གྲངས་དང་རིམ་པ་ལས་བལྟ་བ་ཅིན་ མི་ཡི་ལུས་རྟེན་འདི་ཐོབ་པར་དཀའ་བ་ཅིག་ཨིན། དེ་ཡང་དམྱལ་བའི་སེམས་ཅན་ནི་ ནུབ་མོའི་སྐར་མ་ཙམ་དང་། ཡི་དྭགས་ནི་ཉིན་མོའི་སྐར་མ་ཙམ་དང་། དུད་འགྲོ་སེམས་ཅན་ནི་སྐར་མ་ཙམ་དང་། བདེ་འགྲོ་ཉིན་མོའི་སྐར་མ་ཙམ་ལས་མེད་པ་གསུངས་འདུག། ད་རུང་གཞན་ཡང་དམྱལ་བ་ནི་ ས་ཆེན་པོའི་རྡུལ་གྱི་གྱངས་ཁ་ཙམ་དང། ཡི་དྭགས་ནི་ཡུལ་གངྒའི་ཆུ་འགྲམ་གྱི་ བྱེ་མའི་གྱངས་ཁ་ཙམ་དང་། དུད་འགྲོ་ནི་ཆང་འགག་གི་སྦང་མ་ཙམ་དང་། ལྷ་མ་ཡིན་ནི་ཁ་བའི་རླུང་འཚུབ་ཙམ་དང་། ལྷ་དང་མི་ཡི་གྱངས་ཁ་ནི་ སེན་མོའི་སྟེང་གི་རྡུལ་ཙམ་ལས་མེད་པ་གསུངས་སོ།། སྤྱིར་མཐོ་རིས་ཀྱི་ལུས་རྟེན་དཀོནམ་མ་ཚད་ དེ་ལས་ཀྱང་དལ་འབྱོར་མི་ཡི་ལུས་རྟེན་དཀོན། དེ་ཡང་གུ་རུ་རིན་པོ་ཆེས། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས ༢༡) མི་ལུས་གྲངས་ཀྱི་སྒོ་ནས་རྙེད་དཀའ་བ། །དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས།། ཞེས་གསུངས་སོ།།

འཆི་བ་མི་རྟག་པ། ཞུན་དག།

དེ་ཡང་ ཚེ་འདིའི་སྤྱོད་ཡུལ་ལུ་ཆགས་པའི་གཉེན་པོ་མི་རྟག་པ་བསྒོམ་ཚུལ་བཤད་པ་ཅིན་། དེ་ཡང་ སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཨིན། སངས་རྒྱས་ཀྱི་ཞལ་ལས་ཀྱང་། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས་ ༤༡) དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ།། ཞེས་གསུངས་སོ། སྲིད་པ་ཁམས་གསུམ་གྱི་ཆོས་ཐམས་ཅད་རྟག་པ་བརྟན་པ་མེད་པ་སྟོན་ཀའི་དུས་ཀྱི་སྤྲིན་དང་འདྲ་བ་དང་། ང་བཅས་འགྲོ་བ་ཚུ་སྐྱེ་ནི་དང་ཤི་ནི་འདི་ ཞབས་ཁྲ་རྐྱབ་མི་གིས་ལིའུ་མགྱོགས་པ་ར་སོར་འགྱོ་དོ་བཟུམ་དང་། འགྲོ་བ་སེམས་ཅན་གྱི་ཚེ་འདི་ནམ་མཁའི་སྤྲིན་དང་འདྲ། དེ་ལས་རི་གཟར་གྱི་འབབ་པའི་ཆུ་བའི་རྒྱུན་སྐད་ཅིག་ཡུད་ཙམ་བཟུམ་ འདུས་བྱས་ཀྱི་ཆོས་དང་ མི་རྟག་པའི་མི་ཚེ་འདི་ སྐད་ཅིག་ལུ་མགྱོགས་དྲགས་སྦེ་འཇིག་སྟེ་འགྱོ་བའི་ཚུལ་ཨིན། དེ་ཡང་མདོ་སྡེ་རྒྱ་ཆེ་རོལ་པ་ལས། (ཕྱག་ཆེན་སྔོན་འགྲོ་ ༢༠༡༢ ཤོག་གྲངས་ ༢༢) སྲིད་གསུམ་མི་རྟག་སྟོན་ཀིའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ།། ཞེས་གསུངས་སོ།

བསགས་པའི་ཐ་མ་ནི་འཛད། བསླང་བའི་ཐ་མ་ནི་འགྱེལ། འཕྲད་པའི་ཐ་མ་ནི་འབྲལ། གསོན་པའི་ཐ་མ་ནི་འཆི་བ་ཨིན། དེ་ཡང་བརྗོད་པའི་ཚོམས་ལས། (༢༠༡༢ ཤོག་གྲངས་ ༤༡) བསགས་པ་ཀུན་གྱི་ཐ་འཛད་ཅིང་། །བསླང་བའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བར་འགྱུར།། ཞེས་གསུངས་སོ། མི་རྟག་པའི་དབྱེ་བ་ལུ་གཉིས་ཡོད་དེ། ༡-ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་དང་། ༢-ནང་བཅུད་ཀྱི་སེམས་ཅན་མི་རྟག་པའོ། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་ལུ་ཡང་གཉིས་ཡོད། ༡-རགས་པའི་མི་རྟག་པ་དང་། ༢-ཕྲ་བའི་མི་རྟག་པའོ། ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ལུ་ཡང་གཉིས་ཡོད། ༡-གཞན་མི་རྟག་པ་དང་། ༢-རང་མི་རྟག་པའོ། ཕྱི་སྣོད་ཀྱི་རགས་པ་མི་རྟག་པ་སྒོམ་ཐབས་ནི། མར་གྱི་རླུང་གི་དཀྱིལ་འཁོར་ལས་ ཡར་བསམ་གཏན་བཞིའི་གནས་མན་ཆད་འདི་ རྟག་པའི་རང་བཞིན་ཏན་ཏན་མེདཔ་ཨིན། དེ་ཡང་འཕྲལ་འཕྲལ་ བསམ་གཏན་དང་པོ་མན་ཆད་མེ་གིས་འཇིག། འཕྲལ་འཕྲལ་བསམ་གཏན་གཉིས་པ་མན་ཆད་ཆུ་གིས་འཇིག། འཕྲལ་འཕྲལ་བསམ་གཏན་གསུམ་པ་མན་ཆད་རླུང་གིས་འཇིགཔ་ཨིན། དེ་ལས་མེ་གིས་བཤིག་པའི་དུས་ལུ་ཐལ་བ་ཙམ་ཡང་མི་ལུས། དཔེར་ན་ མར་འཚིགས་པ་དང་འདྲ་བའོ། །ཆུ་གིས་བཤིག་པའི་སྐབས་བཙོག་པ་ཙམ་ཡང་མི་ལུས། དཔེར་ན་ལན་ཚྭ་ཆུ་ལུ་ཐིམ་པ་དང་འདྲ་བའོ། །རླུང་གིས་བཤིག་པའི་སྐབས་ལྷག་མ་ཙམ་ཡང་མི་ལུས། དཔེར་ན་ཐལ་བ་རླུང་གིས་འབག་འགྱོ་དོ་བཟུམ་ཨིན། དེ་ཡང་ཆོས་མངོན་པར་མཛོད་ལས། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས་ ༤༣) མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་སོ། དེ་ལས་བསམ་གཏན་བཞི་པའི་གནས་ནི་ མེ་ཆུ་རླུང་གསུམ་གྱིས་མི་འཇིག་སྟེ། ནང་གི་སེམས་ཅན་ཤི་སྟེ་རང་འཇིག་པ་ཡིན་ནོ། གཉིས་པ་ཕྲ་བའི་མི་རྟག་པ་ནི། དུས་བཞི་འགྱུར་བའི་མི་རྟག་པ་དང་། ཉི་ཟླ་ཤར་ནུབ་ཀྱི་མི་རྟག་པ་དང་། སྐད་ཅིག་མ་གིས་མི་རྟག་པའོ། །དེ་ཡང་དང་པོ་དུས་བཞི་འགྱུར་བའི་མི་རྟག་པ། ནམ་ཟླ་དཔྱིད་བྱུང་བའི་སྟོབས་ཀྱིས་སྣོད་ཀྱི་འཇིག་རྟེན་འདི། ས་གཞི་ཡང་འབོལ་པོ། ཁ་དོག་ཀྱང་དམར་པོ། རྩྭ་དང་ཤིང་ཡང་ཁ་འབུས་མི་ཚུ་གེ་ར་ མི་རྟག་པ་འགྱུར་བའི་དུས་འོང་ངོ་། །ནམ་ཟླ་དབྱར་བྱུང་བའི་སྟོབས་ཀྱིས་ས་གཞི་ཡང་རློནམ། ཁ་དོག་ཡང་སྔོན་པོ། རྩྭ་ཤིང་ཡང་ལོ་འདབ་རྒྱས་སོ། ནམ་ཟླ་སྟོན་བྱུང་བའི་སྟོབས་ཀྱིས་ས་གཞི་ཡང་ས་ཀྲག། ཁ་དོག་ཀྱང་སེར་པོ། རྩྭ་ཤིང་ཡང་འབྲས་བུ་སྨིན། ནམ་ཟླ་དགུན་བྱུང་བའི་སྟོབས་ཀྱིས་ས་གཞི་ཡང་འཁྱེག། ཁ་དོག་ཀྱང་དཀར་པོ། རྩྭ་ཤིང་སྔ་སྔོ་ཡང་བསྐམས། དེ་ཚུ་གེ་ར་མི་རྟག་འགྱུར་བའི་དུས་འོང་ངོ་། །གཉིས་པ་ཉི་ཟླ་ཤར་ནུབ་ཀྱི་མི་རྟག་པ། ཉིན་མ་བྱུང་བའི་སྟོབས་ཀྱིས་སྣོད་ཀྱི་འཇིག་རྟེན་འདི་ཡང་དཀར་ཞིང་གསལ་བ་དང་། ཕྱི་རུ་བྱུང་བའི་སྟོབས་ཀྱིས་གནག་དུང་འགྱོ་མི་ཚུ་ཡང་མི་རྟག་འགྱུར་བའི་དུས་སོ། །གསུམ་པ་སྐད་ཅིག་མས་མི་རྟག་པ།

སྐད་ཅིག་མ་ཧེ་མའི་དུས་ཀྱི་སྣོད་ཀྱི་འཇིག་རྟེན་དེ་སྐད་ཅིག་མ་ཕྱི་མའི་དུས་ལུ་མི་གནས་སོ། དཔེར་ན་འབབ་ཆུའི་རྒྱུན་ལྟ་བུའོ།

ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ལ་གཉིས་ལས། དང་པོ་གཞན་མི་རྟག་པ་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་མི་རྟག་པ་ཨིན། དེ་ཡང་འཕགས་པ་རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་ནམ་མཁའི་སྤྲིན་དང་འདྲ། །ཞེས་གསུངས་སོ། རང་མི་རྟག་པ་ལུ། རང་རྒྱུད་ལུ་བརྟག་པ་དང་། གཞན་རྒྱུད་ལུ་སྦྱར་བ་སྟེ་གཉིས་སོ། དང་པོ་རང་རྒྱུད་ལུ་བརྟག་པ་སྒོམ་པ་ནི། འཆི་བ་སྒོམ་པ་དང་། འཆི་བའི་མཚན་ཉིད་སྒོམ་པ་དང་། ཚེ་འཛད་པ་སྒོམ་པ་དང་། འབྲལ་བ་སྒོམ་པའོ། ། དེ་ལུ་འཆི་བ་སྒོམ་པ་ནི། རང་འཇིག་རྟེན་འདི་ནང་ཡུན་རིངམོ་སྦེ་མི་སྡོད་ ཚེ་ཕྱི་མའི་དོན་ལུ་ཕན་པ་འབད་དགོ་ཟེར་མནོ་བསམ་བཏང་དགོ། འཆི་བའི་མཚན་ཉིད་སྒོམ་པ་ནི། རང་གི་སྲོག་འདི་ཟད། དབུགས་འདི་འགག། ལུས་འདི་རོ་ལུ་འགྱུར། སེམས་འདི་གཞན་ལུ་ཕར་ཚུར་འཁྱམ་དགོ་ཟེར་བསམ་དགོ། ཚེ་འཛད་པ་སྒོམ་པ་ནི། ན་ཧིང་ལས་དུས་ཅི་ལོ་གཅིག་སོང་། དེ་ཙམ་གྱིས་ཚེ་ཐུང་སུ་སོང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། (༢༠༠༥ ཤོག་གྲངས་ ༤༦) ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་གྱུར་ཞིང་། །སྣོན་པ་གུད་ནས་ཡོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་སོ། འབྲལ་བ་སྒོམ་པ་ནི། ད་ལྟོ་ཡོད་པའི་ནོར་རྫས་དང་ ལུས་ལ་སོགས་པ་རྣམས་ མགྱོགས་པར་འབྲལ་འགྱོ་དགོ་ཟེར་བསམ་དགོམོ།ཡང་ན་ འཆི་བ་དགུ་ཕྲུགས་ཀྱི་ཚུལ་དུ་བསྒོམ་པ། བདག་ངེས་པར་འཆི་བ་པ་དང་། ནམ་འཆི་ཆ་མེད་པར་འཆི་བ་དང་། ཅིས་ཀྱང་མི་སྟོངས་པར་འཆི་སྙམ་དུ་བསམ་མོ། དེ་ཡང་ ངེས་པར་འཆི་བ་ལ་རྒྱུ་མཚན་གསུམ་ནི། ༡-སྔར་མ་ཤི་བ་ལུས་པ་མེད་པའི་ཕྱིར་དང་། ༢-ལུས་འདུས་བྱས་ཡིན་པའི་ཕྱིཕྱིར་དང་། ༣-ཚེ་སྐད་ཅིག་གིས་འཛད་པའི་ཕྱིར་ངེས་པར་འཆིའོ། དེ་ལ་ སྔར་མ་ཤི་བ་ལུས་པ་མེད་པ་གིས་ངེས་པར་འཆི་བ་ནི། སློབ་དཔོན་རྟ་དབྱངས་ཀྱི་ཞལ་ལས། (༢༠༠༥ ཤོག་གྲངས་ ༤༧) སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས་སོ། དེ་ཡང་དྲང་སྲོང་རྫུ་འཕྲུལ་ མངོན་ཤེས་དཔག་ཏུ་མེད་པ་དང་ལྡན་པ་ཚུ་ཡང་ མི་འཆི་བའི་ས་ཕྱོགས་ཐར་ས་མི་རྙེད་པར་ཐམས་ཅད་འཆི་བ་ཨིན། ལུས་འདུས་བྱས་ཡིན་པའི་ཕྱིར་ངེས་པར་འཆི་བ་ནི། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཨིན། ལུས་འདི་འདུས་བྱས་ཨིནམ་ལས་མི་རྟག་སྟེ་ངེས་པར་འཆིའོ། ཚེ་སྐད་ཅིག་གིས་འཛད་པའི་ཕྱིར་ན་ངེས་པར་འཆི་བ་ནི། ཚེ་སྐད་ཅིག་མ་རེ་རེ་རྫོགསཔ་ད་ འཆི་བའི་ཕྱོགས་ལུ་ཐག་ཉེ་སར་འགྱོཝ་ཨིན། ནམ་འཆི་ཆ་མེད་ཀྱི་ཚུལ་གྱིས་འཆི་བ་ལུ་ཡང་རྒྱུ་མཚན་གསུམ་ཡོད་དེ། དང་པོ་ཚེ་ལུ་ངེས་པ་མེད་པ་ནི། འགྲོ་བ་གཞན་ནམ། གླིང་གཞན་གྱི་མི་ཚེ་ལུ་ངེས་པ་ཡོད་རུང་། འཛམ་གླིང་གི་མིའི་ཚེ་ལུ་ངེས་པ་མེད། ཆོས་མངོན་པ་མཛོད་ལས། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས་ ༥༠) འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་གསུངས་སོ། གཉིས་པ་ལུས་ལུ་སྙིང་པོ་མེད་པ་ནི། ལུས་འདི་ལུ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་མ་གཏོགས་པའི་སྙིང་པོ་མེད། གསུམ་པ་འཆི་བའི་རྐྱེན་མང་བ་ནི། རང་དང་གཞན་ཐམས་ཅད་འཆི་བའི་རྐྱེན་ལེ་ཤ་འགྱུར་བ་ཡོད་དེ་། ཅིས་ཀྱང་མི་སྟོངས་པར་འཆི་བ་ལུ་ཡང་རྒྱུ་མཚན་གསུམ་ཡོད། ༡-ཟས་ཀྱིས་མི་སྟོངས་པ་ནི། ནོར་ཟས་ཀྱི་ཚེ་ད་རེས་འཐབ་རྩོད་དང་། བསྲུང་བྲན་གྱི་སྡུག་བསྔལ་འགྱུར་བ་དང་། ཕྱི་མ་དེའི་རྣམ་སྨིན་གྱིས་ངན་སོང་ལུ་སྐྱེས་སོ། ། ༢-དེ་ལ་གཉེན་བཤེས་ཀྱིས་མི་སྟོངས་པ་ནི། རང་གི་གཉེན་དང་ཆ་རོགས་འཆི་བ་ལུ་མི་སྟོངས་པར་མ་ཟད་ འདི་ཕྱི་གཉིས་ཀ་ལུ་གནོདཔ་ཨིན། ༣-རང་གི་ལུས་ཀྱིས་མི་སྟོངས་པ་ནི། ལུས་ཀྱི་ཡོན་ཏན་གྱིས་མི་སྟོངས་པ་དང་། ལུས་རང་གི་དངོས་པོ་གིས་མི་སྟོངས་པའོ།

གཞན་རྒྱུད་དང་སྦྱར་བ་ལུ་གསུམ་ཡོད་དེ། ༡-གཞན་ཤི་བ་མིག་གིས་མཐོང་བ་ནི། ལུས་ཀྱི་སྟོབས་དང་ལྡན་པ་ཚུ་སྟོབས་ཤུགས་མར་ཉམས་འགྱོ། ཚོར་བ་བདེ་བ་དང་ལྡན་པ་ཚུ་ཚོར་བ་སྡུག་བསྔལ་དུ་སོང་། ༢-གཞན་ཤི་བ་རྣ་བས་ཐོས་པ་ནི། གཞན་མི་གཅིག་ཤི་སོ་ནུག་ཟེར་གོ་བ་ཙམ་གྱིས་ རང་ཡང་འདི་ལས་མཐར་དགོ་ཟེར་མནོ་བསམ་གཏང་དགོ། ༣-གཞན་འཆི་བ་སེམས་ལུ་དྲན་པ་ནི། རང་དང་མི་གཞན་གྱི་སྤུན་ཆ་རྒན་ཤོས་ཅིག་ཤི་སྟེ་ དེ་བཞིན་རང་ཡང་ཤི་དགོ་ཟེར་མནོ་བསམ་གཏང་དགོ། དེ་ཡང་མདོ་ལས། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས་ ༥༤) སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚེ་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་སོ།

འཁོར་བའི་ཉེས་དམིགས་བསྟན་པ། ཞུན་དག།

མདོ་སྡེ་རྒྱ་ཆེ་རོལ་པ་ལས། (ཕྱག་ཆེན་སྔོན་འགྲོ་ ༢༠༡༢ ཤོག་གྲངས་ ༦༡) སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་སོ། དེ་ཡང་སྲིད་པ་གསུམ་མམ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ སྐད་ཅིག་གིས་སྐྱེས་ཏེ་འཇིག་འགྱོ་མི་ལུ་འདུ་བྱེད་ཀྱི་སྡུག་བསྔལ་དང་། མཐོ་རིས་གསུམ་ནང་འཆི་འཕོ་ལྟུང་དང་ སྐྱེ་རྒ་ན་འཆི་སོགས་འགྱུར་བའི་སྡུག་བསྔལ་དང་། ངན་སོང་གསུམ་ནང་ཚ་གྲང་དང་བཀྲེས་སྐོམ་ལ་སོགས་སྡུག་བསྔལ་གྱི་སྡུག་བསྔལ་ཏེ་ བཟོད་མ་ཚུགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པའི་མེ་རབ་ཏུ་འབར་བ་གིས་འཚིགས་ཏེ་བདེ་བ་མེད། མདོ་དྲན་པ་ཉེར་བཞག་ལས། (༢༠༡༢ ཤོག་གྲངས་ ༦༡) འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས། རང་དང་འགྲོ་བ་རྣམས་རྨོངས་ཏེ་ རྒྱུ་ལས་ཉོན་ལུ་སྤྱོད་པ་ལས་ འབྲས་བུ་ཁམས་གསུམ་ལུ་འཁོར་བ་ཡིན། དཔེར་ན་ བུམ་པའི་ནང་བུང་བ་བཙུགས་བཞག་སྦེ་ བུང་བ་བུམ་པའི་ནང་ལས་ ཕྱི་ཁར་འཐོན་འགྱོ་མ་ཚུགས་དོ་བཟུམ་ཨིན་ནོ།

དེ་ལྟར་སྡུག་བསྔལ་དཔེའི་སྒོ་ལས་བཤད་པ་ཅིན། འདུ་བྱེད་ཀྱི་སྡུག་བསྔལ་འདི་ཤིང་འབྲས་ མ་སྨིན་པ་དང་འདྲ་བ་དང་། འགྱུར་བའི་སྡུག་བསྔལ་འདི་ འབྲས་དུག་དང་འདྲེས་འདྲེསཔ་ ཟ་བ་དང་འདྲ་བ་དང་། དེ་ལས་སྡུག་བསྔལ་གྱི་སྡུག་བསྔལ་འདི་ འབྲས་ཀྱི་སྟེང་ལུ་རུལ་བ་དང་འདྲའོ། ཡང་སྡུག་བསྔལ་གསུམ་པོ་རང་གི་ངོ་བོའི་སྒོ་ལས་བཤད་པ་ཅིན། འདུ་བྱེད་ཀྱི་སྡུག་བསྔལ་འདི་ ཚོར་བ་བཏང་སྙོམས་དང་། འགྱུར་བའི་སྡུག་བསྔལ་འདི་ ཚོར་བ་བདེ་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་འདི་ ཚོར་བ་སྡུག་བསྔལ་ཨིན། ཡང་སྡུག་བསྔལ་གསུམ་པོ་མཚན་ཉིད་ཀྱི་སྒོ་ལས་བཤད་པ་ཅིན། དང་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ང་བཅས་ཉེ་བར་ལེན་པའི་ཕུང་པོ་འཐོབ་པ་ཙམ་གྱིས་སྡུག་བསྔལ་དང་ལྡནམ་ཨིན། དེ་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱིས་ འདུ་བྱེད་ཀྱི་སྡུག་བསྔལ་འདི་མི་ཚོར། དཔེར་ན། འབུ་ཉེན་ཅན་གྱི་ནད་ཡོད་པའི་སྐབས། རྣ་བ་ལ་སོགས་པ་ལུས་ཀྱིས་མ་ཤེས་པའི་ན་ཟུག་མི་ཚོར། དེ་འབདཝ་ད་འཕགས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་གཟིགས་ཚུགས། དཔེར་ན། འབུ་ཉེན་ཅན་གྱི་ནད་ཡོད་པ་ཚོརཝ་མ་ཚད་ རྣ་བ་ལ་སོགས་པ་ལུས་ཀྱི་མ་ཤེས་པའི་ན་ཟུག་ཡང་ཚོརཝ་ཨིན། གཉིས་པ་འགྱུར་བའི་སྡུག་བསྔལ་ནི། འཁོར་བའི་བདེ་བ་ཐམས་ཅད་མཐར་གྱུར་ཏེ་སྡུག་བསྔལ་དུ་འགྱོ་འོང་། དེ་ཡང་ སྙིང་རྗེ་པདྨ་དཀར་པོའི་མདོ་ལས། (ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ཤོག་གྲངས་ ༥༧) ལྷའི་རྒྱལ་སྲིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །མི་རྣམས་ཀྱི་རྒྱལ་སྲིད་ཀྱང་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །ཞེས་གསུངས་སོ། མིའི་རྒྱལ་པོ་འཁོར་ལོ་སྒྱུར་བ་ལྟ་བུའི་ལོངས་སྤྱོད་ཐོབ་རུང་། མཐར་སྡུག་བསྔལ་ལུ་འགྱུར། བཤེས་སྤྲིང་ལས་ཀྱང་། (༢༠༠༥ ཤོག་གྲངས་ ༥༧) འཁོར་ལོ་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་སོ། གསུམ་པ་སྡུག་བསྔལ་གྱི་སྡུག་བསྔལ་ནི། དེ་ལ་ངན་འགྲོའི་སྡུག་བསྔལ་དང་། བདེ་འགྲོའི་སྡུག་བསྔལ་ཏེ་གཉིས་སོ། དེ་ལ་ དང་པོ་ངན་འགྲོའི་སྡུག་བསྔལ་ལུ། ངན་སོང་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ཨིན། དེ་ཚུ་གི་སྡུག་བསྔལ་ནི། དང་པོ་དམྱལ་བ་ལུ། ཚ་བའི་དམྱལ་བ་བརྒྱད། གྲང་བའི་དམྱལ་བ་བརྒྱད། ཉི་ཚེ་བ་དང་། ཉེ་འཁོར་བ་གཉིས་ཏེ་བཅོ་བརྒྱད་ཡོད། དེ་ནང་ཚ་བ་དང་གྲང་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོ། གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་ནི། རང་གིས་འཚོ་བ་ལ་ཕན་པའི་ཟས་སོགས་འགས་ནས་ མི་གཙང་བ་ཁྲག་དང་རྣག་ཨ་ཝ་ཡང་མི་འཐོབ་པའི་ཁར་ ཁོང་ར་གཅིག་གིས་གཅིག་གདོང་སྐོར་སྦེ་ཕྱད་དེ་འབད་རུང་ བཟོ་ཤིན་ཏུ་ཉེས་པ། མགྲིན་པར་ལྦ་བ་མཐོང་བ་དང་ལྦ་བ་འདི་སྨིན་ནས་ དེའི་ནང་ནས་ཁྲག་དང་རྣག་སོགས་མཐོང་བ་དང་། ཡི་དྭགས་ཀྱི་གནས་འདི་ཁར་ གནམ་སོ་ཁའི་དུས་སུ་ཟླ་བ་ལས་ཡང་ཚ་བ་དང་ དགུན་གྱི་དུས་སུ་ཉི་མ་ལས་ཡང་གྲང་བ་སོགས་བྱུང་བ་དང་། ལྗོན་ཤིང་འདི་ཚུ་ཡོད་དེ་འབད་རུང་ ལས་ཀྱི་དབང་གིས་འབྲས་བུ་བཏགས་ནི་མེདཔ་མ་ཚད་ ཁོང་ཚུ་གིས་ལྟ་བ་ཙམ་གྱིས་ ཆུ་དང་རླུང་ཚུ་ཡང་བསྐམས་འགྱོ་བའི་སྡུག་བསྔལ་དཔག་མེདཔ་ཅིག་མྱོང་དགོཔ་ཨིན། མདོར་ན་ཡི་དྭགས་ཀྱི་གནས་སུ་ རང་གི་ལས་མ་ཟད་ཚུན་ བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་ ལོ་སྟོང་སྦེ་མྱོངམ་ཨིན། གསུམ་པ་དུད་འགྲོའི་སྡུག་བསྔལ་ནི། མདོར་ན་དུད་འགྲོ་ལ་བཀོལ་སྤྱོད་ཀྱི་སྡུག་བསྔལ་དང་། བསད་བཅད་ཀྱི་སྡུག་བསྔལ་དང་། གཅིག་ལ་གཅིག་ཟའི་སྡུག་བསྔལ་ཏེ་གསུམ་མོ། དེ་ཡང་ དང་པོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་ནི། དུད་འགྲོ་ནི་རང་དབང་མེད་པའི་རྐྱེན་ལས་ ལ་ལུ་ཅིག་ཞིང་རྨོ། ལ་ལུ་ཁུར་ཆ་བཀལ། ལ་ལུ་ཤིང་རྟ་འཐེནམ་ལ་སོགས་པའི་ བྱ་བ་མང་པོ་བཀོལ་བ་ཡིན། དེའི་སྐབས་དུད་འགྲོ་རྣམས་འུ་སྡུག་རུང་ངལ་འཚོ་ནིའི་རང་དབང་མེད། ཁ་སྐོམ་ལྟོཝ་བཀྱེས་ཏེ་འབད་རུང་ ཁ་སླབ་མ་ཤེས་པའི་རྐྱེན་གྱིས་ བཀྲེས་སྐོམ་གྱི་སྡུག་བསྔལ་གྱི་ངང་ལུ་ སྡུག་བསྔལ་དཔག་མེད་དོ། གཉིས་པ་བསད་བཅད་ཀྱི་སྡུག་བསྔལ་ནི། དུད་འགྲོ་ལ་ལུ་ཅིག་ ལས་ཀྱི་དབང་གིས་ ཤ་དང་པགས་པའི་ཆེད་དུ་སྲོག་གཅོད་པ་དང་། ལ་ལུ་ཅིག་མུ་ཏིག་དང་རུས་པའི་དོན་ལུ་སྲོག་གཅོད་པ་སོགས་ལ་གོ་བ་ཡིན། གསུམ་པ་གཅིག་ལ་གཅིག་ཟའི་སྡུག་བསྔལ་ནི། དུད་འགྲོ་སོགས་རྨོངས་པའི་དབང་གིས་ གཅིག་ལ་གཅིག་ཟའི་སྡུག་བསྔལ་ནི་ཤིན་ཏུ་ཆེ། དཔེར་ན་ སྟག་གིས་ཀ་ཤ་དང་བ་གླང་སོགས་ལོངས་སྤྱོད་པ་དང་ རྒྱ་མཚོ་ནང་ཉ་ཆེ་བས་ཆུང་བ་ཟ་བ་སོགས་དཔེ་དུ་མའོ། ། བདེ་འགྲོའི་སྡུག་བསྔལ་ལུ་གསུམ། དང་པོ་མིའི་སྡུག་བསྔལ་ནི། ཇི་སྐད་དུ། མངལ་འཇུག་གི་མདོ་ལས།

དེ་བཞིན་དུ་སྐྱེ་བ་ཡང་སྡུག་བསྔལ་ལོ། །རྒ་བ་ཡང་སྡུག་བསྔལ་ཡིན་ནོ། །

ན་བ་ཡང་སྡུག་བསྔལ་ཡིན་ནོ། །འཆི་བ་ཡང་སྡུག་བསྔལ་ཡིན་ནོ། །

སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་ཕྲད་པ་ཡང་སྡུག་བསྔལ་ཡིན་ནོ། །

གང་འདོད་པ་བརྩམས་ཏེ་མ་རྙེད་པ་ཡང་སྡུག་བསྔལ་ཡིན་ནོ། །ཡོད་པ་བསྲུང་དཀའ་བ་ཡང་སྡུག་བསྔལ་ཡིན་ནོ། ། (ཐར་པ་རིན་པོ་ཆེའི་རྒྱན ༢༠༠༥ ཤོག་གྲངས་ ༧༠) གཉིས་པ་ལྷའི་སྡུག་བསྔལ་ནི། སྤྱིར་ལྷ་གེ་ར་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ དགའ་སྐྱིད་དང་ལྡན་པ་ཡོད་རུང་ སེམས་གཡེང་བའི་དབང་གིས་ དམ་པའི་ཆོས་སྒྲུབ་པའི་དུས་དང་མནོ་བསམ་མི་སྐྱེད། ད་ལྟོ་ཚེ་རིང་བའི་བར་ བདེ་སྐྱིད་ཀྱི་ངང་ལུ་སྡོད་རུང་ དུས་ནམ་ཅིག་འབདཝ་ད་ ཚེ་ཟད་དེ་ཤི་ནི་ཡོད། རྒྱལ་ཆེན་རིགས་བཞི་ལས་འགོ་བཙུགས་ཏེ་ འདོད་ལྷ་རིགས་དྲུག་ཚུན་ འཆི་འཕོ་ལྟུང་གི་སྡུག་བསྔལ་མྱོང་དགོ། དེ་ཡང་ཤི་བའི་སྐབས་ འཆི་འཕོའི་རྟགས་ལྔ་ཤར་ནི་ཡོད་དེ། གོས་ལུ་དྲི་མ་འབྱུང་བ་དང་། མེ་ཏོག་ཕྲེང་བ་རྙིངམ་འགྱུར་བ་དང་། ཨེ་ཙི་གཉིས་ཀྱི་འོག་ལས་ རྔུལ་ཆུ་འབྱུང་བ་དང་། ལུས་དྲིམ་ཧུ་ཧུ་འབྱུང་བ་དང་། རང་གི་སྡོད་ས་ལུ་མི་དགའ་བ་འགྱུར་ནི་དང་ལྔ་ཨིན། ། གསུམ་པ་ལྷ་མིན་གྱི་སྡུག་བསྔལ་ནི། ལྷ་མ་ཡིན་ལུ་ལྷའི་སྡུག་བསྔལ་དང་ཆ་འདྲ་བ་ཡོད་པའི་གུར་ང་རྒྱལ་དང་། ཕྲག་དོག་དང་། འཐབ་རྩོད་ཀྱི་སྡུག་བསྔལ་ཡོད། དེ་ལྟར་ཐར་པ་རིན་པོ་ཆེའི་རྒྱན་ལས། (༢༠༠༥ ཤོག་གྲངས་ ༧༩) ལྷ་མིན་དག་ནི་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། ། ཞེས་གསུངས་སོ། སྤྱིར་འབྱོར་པ་ལོངས་སྤྱོད་སོགས་ ལྷ་དང་འགྲན་ནུས་ཙམ་ཡོད་རུང་ ཧེ་མ་ལས་ར་མ་རིག་པ་ ཉོན་མོངས་པ་ཕྲག་དོག་གི་ལས་ལུ་གོམས་པ་ལས། ལུས་རྟེན་དེ་ཡང་ཕྲག་དོག་གི་འདུ་ཤེས་སྦོམ་ཡོད་མི་ལུ་སྐྱེས། རང་གི་གནས་ནའམ་གནས་གཞན་ལུ་ མ་མཐུན་པ་ལས་འཐབ་རྩོད་སོགས་ཀྱི་སྡུག་བསྔལ་མྱོངམ་ཨིན།

ལས་རྒྱུ་འབྲས་བསྟན་པ། ཞུན་དག།

ལས་ཟེར་མི་འདི་ ཆོས་མངོན་པ་མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེ། །ཟེར་གསུངས་དོ་བཟུམ་ འཇིག་རྟེན་སྣ་ཚོགས་ ལས་ལས་བརྟེན་སྐྱེཝ་ཨིན། ལས་ལུ་བསམ་པའི་ལས་དང་ སེམས་པའི་ལས་ཟེར་གཉིས་ཡོད། སེམས་པའི་ལས་ཟེར་མི་འདི་ སེམས་པའི་ལས་ནི་ཡིད་ཀྱི་ལས་ཨིནམ་དང་ བསམ་པའི་ལས་ཟེར་མི་འདི་ སེམས་ཀྱི་ག་མནོཝ་ ལུས་དང་ངག་གིས་འབད་མིའི་ལས་ལུ་སླབ་ཨིན། ལས་འབྲས་བཤད་པ་འདི་ ཐར་པ་རིན་པོ་ཆེའི་རྒྱན་ལྟར་བཤད་པ་ཅིན། འདི་ལུ་དབྱེ་ན་གསུམ་ཡོད། དང་པ་བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས། གཉིས་པ་བསོད་ནམས་ཀྱི་ལས་རྒྱུ་འབྲས། གསུམ་པ་མི་གཡོ་བའི་ལས་རྒྱུ་འབྲས་དང་གསུམ་ཨིན།

དང་པ་བསོད་ནམས་མ་ཡིན་པའི་ལས་ བཤད་པའི་སྐབས་མི་དགེ་བ་བཅུ་གི་སྒོ་ལས་བཤད་ནི་ཨིན། དང་པ་སྲོག་གཅོད་པ་ལ་དབྱེ་ན། འདོད་ཆགས་ཀྱི་སྒོ་ནས་ ཤ་དང་པགས་པ་ལ་སོགས་པ་དོན་ལུ་སྲོག་གཅོད་པ་དང་། འཁོན་ཞུགས་པ་ཐོག་ ཞེ་སྡང་གི་སྒོ་ནས་སྲོག་གཅོད་པ་དང་། གཏི་མུག་གི་སྒོ་ནས་མཆོད་པ་དང་ སྦྱིན་པའི་དོན་ལུ་སྲོག་གཅོད་པ་གསུམ་ཡོད། དེའི་རྣམ་པར་སྨིན་པའི་འབྲས་བུ་སེམས་ཅན་དམྱལ་བ་ལུ་སྐྱེཝ་ཨིན། དེས་རྒྱུ་མཐུན་པའི་འབྲས་བུ་ མི་ལུ་སྐྱེ་རུང་ཚེ་ཐུང་ནི་དང་ ནད་མངམ་སྦེ་སྐྱེ་འོང་། དེའི་དབང་གིས་འབྲས་བུ་ གཡུས་མ་དགའ་ས་མཐའ་ཟུར་ཚུ་ནང་སྐྱེཝ་ཨིན། སྲོག་གཅོད་པ་ལས་ ཕ་ཡང་ཡིན་ལ་དགྲ་བཅོམ་པ་ཡང་ཨིན་མི་ སྲོག་གཅོད་པ་འདི་སྡིག་པ་ཆེ་ཤོས་ཨིན་ནོ། ། གཉིས་པ་མ་བྱིན་པར་ལེན་པ་ལུ་དབྱེ་ན་གསུམ་ མཐུས་མ་བྱིན་པར་ལེན་པ་ཟེར་ དབང་བཙན་ཐོག་འབག་ནི་དང་། གཞན་གྱིས་མ་ཤེསཔ་སྦེ་ཙག་བཏང་འབག་ནི། གཡོ་སྒྱུ་ཐོག་མ་བྱིན་པ་ལེན་པ་ཟེར་ གཞན་མི་ལུ་ཤོབ་རྐྱབ་སྦེ་ བྲེ་སྲང་ལ་སོགས་ཐོག་ལས་འབག་ནི་ཚུ་ཨིན། དེའི་རྣམ་པར་སྨིན་པའི་འབྲས་བུ་ ཡི་དྭགས་ལུ་སྐྱེ་འོང་། རྒྱུ་མཐུན་པའི་འབྲས་བུ་ མི་ལུ་སྐྱེ་རུང་ ལོངས་སྤྱོད་ཀྱི་མ་ལངས་བ་ སྤྱང་ཀ་སྦེ་སྐྱེ་འོང་། དབང་གི་འབྲས་བུ་ གཡུས་ས་སེརཔོ་མང་སུ་ཡོད་ས་སྐྱེ་འོང་། མ་བྱིན་པར་ལེན་པ་ལས་ དཀོན་མཆོག་གི་རྒྱུ་ནོར་ཨརཝ་བརྐུ་ནི་འདི་ སྡིག་པ་ཆེ་ཤོས་ཅིག་ཨིན། གསུམ་པ་འདོད་པའི་ལོག་པར་གཡེམ་པ་ལུ་དབྱེ་ན་གསུམ། རིགས་ཟེར་ རང་གི་ཨའི་དང་ཨ་ཞེམོ་ཚུ་ལུ་ལོག་པར་སྤྱོད་ནི། བདག་པོས་སྲུང་བ་ཟེར་ རོགས་ཀྱི་ཨམ་སྲུ་ཚུ་ལུ་ལོག་པར་སྤྱོད་ནི། ཆོས་ཀྱི་སྲུང་བ་ཟེར་རང་གི་གཉེནམ་མེན་མི། ཡན་ལག་ཁ་དང་བཤང་ལམ་ཚུ་ནང་བཙུགས་ནི། ཡུལ་མ་ཡིན་པ་ཟེར་ གནས་བཟང་ས་དང་གཙུག་ལག་ཁང་ མཆོད་རྟེན་ཚུ་གི་ཉེ་འདབས་ལུ་སྤྱོད་ནི། དུས་མ་ཡིན་པ་ཟེར་ ཨ་ལུ་སྐྱེ་ནི་ཡོདཔ་ད་དང་ ཨ་ལུ་ཨོམ་འཐུང་བའི་སྐབས་དང་། ཉིན་མ་ཉིམ་ཤར་སྡོད་པའི་སྐབས་སྤྱོད་ནི། ཚད་མ་ཡིན་པ་ཟེར་ གྱངས་ཁ་ལྔ་ལས་ལྷགཔ་འབད་ནི། རིགས་མ་ཡིན་པ་ཟེར་ ཕོ་གི་ཕོ་དང་མ་ནིང་གི་ཁ་དང་བཤང་ཚུ་ནང་སྤྱོད་ནི་ཚུ་མི་བཏུབ་ཨིན། དེའི་རྣམ་པར་སྨིན་པའི་ལས་ ཡི་དྭགས་ལུ་སྐྱེ་ནི། རྒྱུ་མཐུན་པའི་འབྲས་བུ་ མི་ལུ་སྐྱེ་རུང་རང་གི་དགྲ་རང་གི་གཉེནམ་སྦེ་སྐྱེ་འོང་། དབང་གི་འབྲས་བུ་ གཡུས་ཐལཝ་ལེ་ཤ་ཡོད་སར་སྐྱེ་འོང་། འདོད་ལོག་ལས་ རང་གི་མ་ཨིནམ་མ་ཚད་ དགྲ་བཅོམ་པ་ཨིན་མི་ལོག་པར་སྤྱོད་པ་འདི་སྡིག་པ་ཆེཝ་ཨིན། བཞི་པ་རྫུན་སྨྲ་བ་ལུ་ ཕམ་པའི་རྫུན་ཟེར་ མི་ཆོས་བླ་མའི་རྫུན་སླབ་ནི། རྫུན་ཆེན་པོ་ཟེར་ རང་དང་གཞན་ལུ་ཕན་གནོད་ཡོད་པའི་ཤོབ་སླབ་ནི། རྫུན་ཕྲ་མོ་ཟེར་ ཕན་གནོད་མེད་པའི་ཤོབ་སླབ་ནི་ཟེར་དབྱེ་བ་གསུམ་ཡོད། དེའི་རྣམ་པར་སྨིན་པའི་འབྲས་བུ་ དུད་འགྲོ་ལུ་སྐྱེ་ནི། རྒྱུ་མཐུན་གྱི་འབྲས་བུ་ མི་ལུ་སྐྱེ་རུང་རང་ལུ་སྐྱོན་ལྟ་མི་ལེ་ཤ་འོངམ་ཨིན།
དབང་གི་འབྲས་བུ་ ཁ་དྲིམ་མནམ་མི་ལུ་སྐྱེ་འོང་། ཤོབ་སླབ་མི་ལས་ དེ་བཞིན་གཤེགས་པ་ལ་སྐུར་པ་བཏབ་ནི་དང་ བླ་མ་ཚུ་ལུ་ཤོབ་སླབ་ནི་ཚུ་སྡིག་པ་ཆེ་ཤོས་ཨིན། ལྔ་པ་ཕྲ་མ་ལུ་དབྱེ་ན། བཙན་ཕྲ་ཟེར་ ཆ་རོགས་གཉིས་དབང་བཙན་ཐོག་ཁ་ཕྱལ་གཏང་ནི། གཞོག་ཕྲ་ཟེར་ དགོད་བྲའི་ཐོག་ལས་ མི་གཉིས་ཀྱི་བར་ན་དཀྲོགས་ཏེ་ཁ་ཕྱལ་ནི། ལྐོག་ཕྲ་ཟེར་ ཆ་རོགས་གཉིས་ཡོད་ས་ལས་གཅིག་ལུ་དཀྲོག་ནི། དེའི་འབྲས་བུ་དམྱལ་བ་ལུ་སྐྱེ་ནི་དང་། མི་ལུ་སྐྱེ་རུང་རང་གི་ཆ་རོགས་ཚུ་དང་ཁ་འབྱལ་འགྱོ་འོང་། གཡུས་མཐོ་ན་མཐོ་དྲགས་དམའ་ན་དམའ་དྲགས་ནང་སྐྱེ་འོང་། ཕྲ་མ་ལས་ འཕགས་པའི་དགེ་འདུན་ཚུ་ཁ་འབྲལ་གཏང་མི་འདི་སྡིག་པ་ཆེ་ཤོས་ཨིན། དྲུག་པ་ཚིག་རྩུབ་ལུ་དབྱེ་ན་གསུམ། གཞན་མི་ལུ་སྐྱོན་བལྟ་སྟེ་ཚིག་རྩུབ་སླབ་ནི། ངག་འཁྱལ་གྱི་ཐོག་ལས་གཞན་ལུ་ཚིག་རྩུབ་སླབ་ནི། རང་གི་ཆ་རོགས་ཚུ་ལུ་ཚིག་ངན་ཚུ་ དགོད་བྲོ་ཐོག་ཚིག་རྩུབ་སླབ་ནི་ཚུ་ཨིན། དེའི་འབྲས་བུ་ དམྱལ་བ་ལུ་སྐྱེ་ནི་དང་། མི་ལུ་སྐྱེ་རུང་སེམས་ཁར་མ་འབབ་པའི་ཚིག་དང་ རྣ་བར་མ་ཧན་པའི་ཚིག་ཉན་དགོཔ་འབྱུང་འོང་། གཡུས་ས་སྐམ་ཀྲོག་ཀྲོ་དང་ སྡིག་པའི་ལཱ་དགའ་མི་གཡུས་ལུ་སྐྱེ་འོང་། ཚིག་རྩུབ་ལས་ འཕགས་པ་རྣམས་ལུ་གནོད་པའི་ཚིག་སླབ་ནི་འདི་སྡིག་པ་ཆེཝ་ཨིན་ནོ།། བདུན་པ་ངག་འཁྱལ་ལུ་དབྱེ་ན་གསུམ་སྟེ། མུ་སྟེགས་པའི་ཁ་ཐུན་གཏང་ནི། ཞབས་ཁྲ་དང་དོན་མེད་ཀྱི་གཏམ་སླབ་ནི། ཆོས་ཉན་འདོད་མེད་མི་ཚུ་ལུ་ཆོས་བཤད་ནི་ཚུ་ཨིན། དེའི་འབྲས་བུ་དུད་འགྲོ་ལུ་སྐྱེ་ནི། མི་ལུ་སྐྱེ་རུང་རང་གི་སླབ་མི་ལུ་མི་ཉན་ནི དེ་ལས་ གཡུས་བྱར་དང་དགུན་ཟེར་མེད་མི་ནང་སྐྱེ་འོང་། ངག་འཁྱལ་ལས་ཆོས་ལུ་འདོད་པ་སེམས་ཡེངས་མི་འདི་སྡིག་པ་ཆེ་ཤོས་ཨིན། བརྒྱད་པ་བརྣབ་སེམས་ལུ། རང་ལུ་ཡོད་པའི་རྒྱུ་ནོར་ལུ་ཆགས་ནི། གཞན་ལུ་ཡོད་མི་ལུ་བལྟ་སྟེ་སེམས་ཆགས་ནི། བདག་གཞན་གཉིས་ཆ་ར་གི་མེན་པའི་ནོར་ལུ་ཆགས་ནི་ཚུ་ཨིན། དེའི་འབྲས་བུ་ ཡི་དྭགས་ལུ་སྐྱེ་ནི་དང་། མི་ལུ་སྐྱེ་རུང་འདོད་ཆགས་ཤས་ཆེ་བ་སྐྱེ་ནི། གཡུས་འབྲུ་སྣ་མ་སྐྱེ་ས་ལུ་སྐྱེ་འོང་། བརྣབ་སེམས་ལས་ ཡང་དག་པ་སྤོང་བ་ཚུ་གི་རྒྱུ་ལུ་ཆགས་ནིའདི་སྡིག་པ་ཆེཝ་ཨིན། དགུ་པ་གནོད་སེམས་ལ་དབྱེ་ན། གཞན་ལུ་ཞེ་སྡང་སྐྱེ་ནས་བྱུང་བའི་སེམས། རང་ལུ་འདྲན་འདྲ་འབད་མི་ལུ་མ་རངས་པའི་སེམས། རང་ལུ་གནོད་པ་འབད་མི་ལུ་ འཁོན་འཛིན་ལས་བྱུང་བའི་སེམས་གསུམ་ཡོད། དེའི་འབྲས་བུ་ནི་ དམྱལ་བ་ལུ་སྐྱེ་ནི་དང་། མི་ལུ་སྐྱེ་རུང་ཞེ་སྡང་ཆེཝ་སྦེ་སྐྱེ་ནི། ཞིང་རྩུབ་པའི་གཡུས་ནང་སྐྱེ་འོང་། གནོད་སེམས་ལས་མཚམས་མེད་པ་གཤོམ་པར་བྱེད་པ་འདི་སྡིག་པ་ཆེཝ་ཨིན། བཅུ་པ་ལོག་པར་ལྟ་བ་ལ་དབྱེ་ན། ལས་རྒྱུ་འབྲས་མི་འདོད་པ། བདེན་པ་བཞི་ལུ་མི་འདོད་པ་དང་། དཀོན་མཆོག་གསུམ་ལུ་སྐུར་པ་བཏབ་ནི་གསུམ་ཨིན། དེའི་འབྲས་བུ་ དུད་འགྲོ་ལུ་སྐྱེ་ནི་དང་། མི་ལུ་སྐྱེ་རུང་གཏི་མུག་ཤས་ཆེ་བ་ལུ་སྐྱེ་འོང་། འབྲས་བུ་མེད་པའི་ས་ལུ་སྐྱེ་འོང་། ལོག་ལྟ་ལས་ལྟ་བ་ཚུ་ལུ་ལོག་ལྟ་འདི་སྡིག་པ་ཆེཝ་ཨིན།

གཉིས་པ་བསོད་ནམས་ཀྱི་ལས་ནི་ མི་དགེ་བ་བཅུ་སྤང་པ་ཅིན་དགེ་བ་བཅུ་ཨིན། དེ་ཚུ་གི་འབྲས་བུ་ འདོད་པའི་ཁམས་ལྷ་དང་མི་ལུ་སྐྱེ་ནི་དང་། མི་དགེ་བ་བཅུ་སྤང་པ་ཅིན་ དཔེར་ན་ སྲོག་གཅོད་པ་སྤང་པ་ཅིན་རང་ཚེ་རིང་འོང་། དེ་བཟུམ་སྦེ་གཞན་མི་ཚུ་ཡང་ རང་ལུ་འབྲས་བུ་ལེགས་ཤོམ་འཐོབ་ཨིན། གཡུས་ཡང་མངོན་མཐོ་ལྷ་མི་ལུ་སྐྱེ་ནི་དང་ མི་ལུ་སྐྱེ་རུང་གཡུས་དགའ་ས་ལུ་སྐྱེཝ་ཨིན། དེ་ཡང་རིན་ཆེན་ཕྲེང་བ་ལས་ མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག ། ཟེར་གསུངས་དོ་བཟུམ་ཨིན་ནོ།

༼ཚད་མེད་བཞིའི་སྐོར།༽ ཞུན་དག།

དེ་ཡང་ སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཟེར་གསུངས་དོ་བཟུམ་སྦེ་ དམིགས་ཡུལ་ཁམས་གསུམ་འཁོར་བའི་སེམས་ཅན་ཚད་མེད་པ་ལུ་ ཚད་མེད་པའི་བློ་རྣམས་བསྐྱེད་དེ་ འབྲས་བུ་འདིའི་ཕན་ཡོན་ཡང་ཚོགས་ཚད་མེད་པར་རྫོགས་པ་དང་ ཡེ་ཤེས་ཚད་མེད་པར་རང་གི་སྤྱོད་ཡུལ་དུ་གྱུར་པའི་རྒྱུ་མཚན་གྱིས་ ཚད་མེད་བཞི་ཟེར་སླབ་ཨིན། ཚད་མེད་བཞི་ཟེར་གྱངས་ཁ་ངེས་དགོ་པའི་རྒྱུ་མཚན་འདི་ཡང་། དང་པ་གནོད་སེམས་ཀྱི་གཉེན་པོ་ལུ་བྱམས་པ་ཚད་མེད་དང་། གཉིས་པ་གནོད་འཚེ་གི་གཉེན་པོ་ལུ་སྙིང་རྗེ་ཚད་མེད་དང་། གསུམ་པ་གཞན་གྱི་བདེ་བ་ལུ་མི་དགའ་བའི་གཉེན་པོ་ལུ་དགའ་བ་ཚད་མེད་དང་། བཞི་པ་ཆགས་སྡང་གི་གཉེན་པོ་ལུ་བཏང་སྙོམས་ཚད་མེད་ཟེར་བཞི་སྦེ་བཞག་སྟེ་ཡོདཔ་ཨིན།

དང་པ་བྱམས་པ་ཚད་མེད། ཞུན་དག།

ང་བཅས་ར་ཚེ་རབས་ཐོག་མ་མེད་པ་ལས་ ཁམས་གསུམ་འཁོར་བ་ནང་འཁྱམས་ཏེ་ཡོད་པའི་སེམས་ཅན་རྣམས་ རང་ལུ་བདེ་བ་མ་དགོཔ་དང་སྡུག་བསྔལ་དགོ་མི་ག་ཡང་མེད། དེ་འབདཝ་ལས་ སེམས་ཅན་ཐམས་ཅད་རང་གི་ཕམ་མ་འབདཝ་གཅིག་ཡང་མེད་མནོ་སྟེ་ སེམས་ཅན་ག་ར་འབྲས་བུ་བདེ་བ་དང་ལྡན་ནི་ དེའི་རྒྱུ་མི་དགེ་བ་སྤངས་ཏེ་དགེ་བ་དང་ལྡན་བཅུག་མནོ་བའི་སེམས་འདི་ལུ་ བྱམས་པ་ཚད་མེད་ཟེར་སླབ་ཨིན། འདི་ལུ་དབྱེ་བ་འབད་བ་ཅིན་ སེམས་ཅན་ལུ་དམིགས་པའི་བྱམས་པ་དང་། ཆོས་ལུ་དམིགས་པའི་བྱམས་པ་དང་། དམིགས་པ་མེད་པའི་བྱམས་པ་ཟེར་གསུམ་ཡོད། ད་ལྟོ་ང་བཅས་འདོད་ཁམས་ཀྱི་སེམས་ཅན་རྣམས་ལུ་ བྱང་ཆུབ་ཀྱི་སེམས་དང་པོ་བསྐྱེད་དགོ་པ་ཅིན་ སེམས་ཅན་རྣམས་ལུ་དམིགས་པའི་བྱམས་པ་འདི་དགོཔ་ལས་ སྐབས་འདི་ལུ་བྱམས་པ་དང་པོའི་སྐོར་ལས་བཤད་ནི་ཨིན། དེ་ཡང་ གོང་ལུ་ཞུ་དོ་བཟུམ་སྦེ་ དང་པ་དེའི་དམིགས་པ་འདི་ཡུལ་འཁོར་བའི་སེམས་ཅན་ག་ར་དང་། གཉིས་པ་རྣམ་པ་འབད་བ་ཅིན་ འབྲས་བུ་བདེ་བ་དང་ དེའི་རྒྱུ་དགེ་བ་དང་ལྡན་བཅུག་མནོ་བའི་སེམས་འདི་ལུ་གོ་དགོཔ་ཨིན། གསུམ་པ་དེའི་ལག་ལེན་འདི་ གཙོ་བོ་རང་གི་དྲིན་ཅན་རྣམས་ལུ་ བྱམས་པ་ཚད་མེད་ཀྱི་སྒོ་ལས་བཀའ་དྲིན་བསམ་དགོཔ་འདི་གལ་ཆེ་ཤོས་ཅིག་ཨིན། དེའི་ནང་ལས་ཁྱད་པར་དུ་ཚེ་ད་རེས་ཀྱི་ཕ་མ་འདི་ དྲིན་ཆེ་ཤོས་ཅིག་ཨིནམ་ལས་ལྷག་པར་བྱམས་པ་བསྐྱེད་དགོཔ་འདི་གལ་ཆེ། དེ་ཡང་ཕ་མ་གཉིས་ཀྱིས་བུ་གཞིའི་ ལུས་བསྐྱེད་པའི་དྲིན་དང་། དཀའ་བ་སྤྱད་པའི་དྲིན་དང་། སྲོག་བྱིན་པའི་དྲིན་དང་། འཇིག་རྟེན་བསྟན་པའི་དྲིན་དང་བཞི་ཡོདཔ་ཨིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཡུམ་གྱི་དྲིན་ལན་འཇལ་ནིའི་དོན་ལུ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་ལུ་བྱོན་ཏེ་ཆོས་གསུངས་ནུག། ང་བཅས་ཚུ་གིས་ཕ་མ་གཉིས་ རང་གི་ཕྱག་ལྟག་གཡས་གཡོན་གུར་བཀལ་ཏེ་ ས་ཆེན་པོ་རྒྱལ་ཆེན་རིས་བཞི་བཟུམ་ཅིག་བསྐོར་ཚུགས་ཏེ་འབད་རུང་ ཕ་མའི་དྲིན་ལན་འབྱོར་མི་ཚུགས། དེ་བཟུམ་སྦེ་བཤེས་སྤྲིང་ལས་ཡང་། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལངས་མི་འགྱུར།། ༼མཐར་པ་རིན་པོ་ཆེའི་རྒྱན་༡༠༥༽ ཟེར་གསུངས་དོ་བཟུམ་ཨིན། དེ་འབདཝ་ལས་རང་གི་ཕམགཉིས་ལུ་ལུས་བྱམས་པའི་སྒོ་ལས་ ཞབས་ཏོག་བསྙེན་བཀུར་ཞུ། ངག་བྱམས་པའི་སྒོ་ལས་གཏམ་ཚིག་ཧན་ཏོང་ཏོ་སྦེ་བཤད། ཡིད་བྱམས་པའི་སྒོ་ལས་ནད་དང་སྡུག་བསྔལ་མེད་པར་ བདེ་བ་དང་ལྡན་ཏེ་སྐུ་ཚེ་ཡུན་རིང་དུ་གནས་བཅུག་ཟེར་སྨོན་ལམ་བཏབ་དགོཔ་ཨིན། དེ་བཟུམ་སྦེ་ར་ སེམས་ཅན་གཞན་ཡང་རང་གི་ཕ་མ་མ་འབདཝ་གཅིག་ཡང་མེད་ མཐར་ཐུག་རང་ལུ་བདེ་བ་དགོ་དོ་བཟུམ་སྦེ་སེམས་ཅན་གེ་ར་ལུ་ དགོ་སྙམ་པའི་བྱམས་པའི་ལུས་ངག་ཡིད་གསུམ་གྱིས་ གཞན་ལུ་གནོད་པ་མེད་པའི་བྱམས་པ་ཚད་མེད་ཀྱི་ཚུལ་དགོ། དེ་ཡང་སྤྱོད་འཇུག་ལས། མིག་གིས་སེམས་ཅན་བལྟ་ན་ཡང་། །དེ་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ།།༼ཀུན་བཟང་བླ་མའི་ཞལ་ལུང་ ༣༡༩༽ ཟེར་དོ་བཟུམ་སྦེ་ ཐ་ན་སེམས་ཅན་གཞན་ལུ་བལྟ་བའི་སྐབས་ལུ་ཡང་ ཞེ་སྡང་ལ་སོགས་པའི་ཁྲོ་བའི་ཚུལ་གྱིས་མེན་པར་ རང་གི་གདོང་ལུ་འཛུམ་མདངས་དང་བཅས་གཞན་སེམས་ཁར་ཚུད་པའི་ཚུལ་སྟོན་དགོ། དེ་མ་ཚད་རང་གི་འཁོར་དུ་ཡོད་པའི་དུད་འགྲོ་རྣམས་ལུ་ བརྡུང་རྡེག་དང་བཀོལ་སྤྱོད་ལ་སོགས་པའི་སྡུག་བསྔལ་ཆེན་པོ་མ་བྱིན་པར་ རང་གི་ཕམ་སྤུན་ཆའི་འདུ་ཤེས་བསྐྱེད་དེ་ བྱམས་སྐྱོང་འབད་དགོཔ་འདི་གལ་ཆེ་ཤོས་ཅིག་ཨིན། དེང་སང་དུས་ལུ་རང་གི་འཁོར་བའི་དུག་ཆུས་སྒྲུབ་པའི་སྐབས་ སེམས་ཅན་ལུ་གནོད་མི་བྱེད་པའི་ཐབས་མིན་འདུག་ཟེར་བ་ཅིན་ཐབས་ཡོདཔ་ཨིན། དེ་ཡང་སྔོན་མ་བོད་ཁ་བ་ཅན་ལུ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ རྒྱལ་པོ་སྲོང་བཙན་སྒམ་པོ་གིས་འདུལ་བྱ་རྣམས་ལུ་མཛད་བྱ་འགྲོ་དོན་འཕྲིན་ལས་སྤེལ་བའི་སྐབས་ རྒྱ་གར་གྱི་དགེ་ཚུལ་གཉིས་བོད་ཡུལ་ལི་ཐང་ལུ་ འཕགས་པ་འཇམ་དཔལ་དབྱངས་བསྒྲུབས་ཏེ་འཇམ་དཔལ་གྱི་ཞལ་མཇལ་ འཕགས་པ་གིས་ང་དང་ཁྱེད་གཉིས་ཀྱི་བར་ན་ལས་དང་འབྲེལ་བ་མེད། ཁྱེད་གཉིས་ཀྱི་ཚེ་རབས་སྔོན་མའི་ལྷ་སྐལ་འདི་འཕགས་པ་སྤྱན་རས་གཟིགས་ཨིན། སྤྱན་རས་གཟིགས་འདི་ད་ལྟོ་བོད་ལུ་རྒྱལ་པོ་སྦེ་བཞུགས་ཏེ་ཡོད་དེ་ནང་སོང་ཟེར་གསུངས་ནུག། ཁོང་གཉིས་བོད་ལུ་ལྷོདཔ་ད་ བོད་ལྷ་སའི་ལྕགས་རིའི་རྒྱབ་ལུ་ མི་མང་ཆེ་བ་བསད་བསདཔ་དང་ ལ་ལུ་ཅིག་བཙོན་པ་སྦེ་བཟུང་བཞག་ཡོདཔ་མཐོང་སྟེ་ འདི་ག་ཅི་སྨོ་ཟེར་དྲིཝ་ད་ རྒྱལ་པོ་གིས་དུམ་བུར་རྐྱབ་སྟེ་བསད་བཅད་མཛད་པ་ཨིན་ཟེར་བ་ལས་ ཁོང་གཉིས་ཀྱི་སེམས་ཁ་ལུ་ རྒྱལ་པོ་འདི་སྤྱན་རས་གཟིགས་མེན་པས་ ང་བཅས་གཉིས་ཡང་བསད་ནི་ཨིན་མས་མནོ་སྟེ་ བྱོག་འགྱོ་ནི་འབདཝ་ད་ རྒྱལ་པོ་གིས་མཁྱེན་ཏེ་ ཁོང་གཉིས་ལོག་འབོ་བར་བཏང་ནུག
རྒྱལ་པོ་གིས་ཁྱེད་གཉིས་འདྲོག་མི་དགོ་ དེ་ཚུ་ང་གིས་སྤྲུལ་པ་སྟོན་པ་ཙམ་མ་གཏོགས་ སེམས་ཅན་ལུ་གནོད་པ་ཆུང་ཀུ་ཅིག་ཡང་བསྐྱལ་བསྐྱལཝ་མེད་ཟེར་གསུངས་ནུག། གཏམ་རྒྱུད་དེ་བཟུམ་སྦེ་ ང་བཅས་ཚུ་གིས་ཡང་ བྱ་བ་ག་ཅི་ར་ཨིན་རུང་སྒྲུབས་སྐབས་སུ་བྱམས་པའི་ཐབས་ཤེས་ཀྱི་ཐོག་ལས་བསྒྲུབ་དགོཔ་ཨིན། རང་ལུ་བདེ་བ་དགོ་མནོ་བའི་སེམས་འདི་མེན་པར་ སེམས་ཅན་ཁོ་ནའི་བདེ་བ་ལུ་འདོད་པ་བསྐྱེད་པ་ཅིན་བྱམས་པ་ལུ་གོམས་གཤིས་ཚུདཔ་ཨིན། དེ་བསྒོམ་པའི་ཡོན་ཏན་འདི་ཡང་དཔག་ཏུ་མེད་དེ་ ཟླ་བ་སྒྲོན་པའི་མདོ་ལས། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་དང་གྲངས་ལ་ཆར་མི་ཕོད།། ཟེར་གསུངས་དོ་བཟུམ་ཨིན། བྱམས་པ་འདི་རང་ལུ་ཡུད་ཙམ་ཅིག་བསྒོམས་པའི་བསོད་ནམས་ཡང་དཔག་ཏུ་མེད་དེ་ རིན་ཆེན་འཕྲེང་བ་ལས། རྗེའུ་ཚོང་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་བྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་ཅིག་གིས། །བསོད་ནམས་དག་ལ་ཆར་མི་ཕོད།། ༼ཐར་པ་རིན་པོ་ཆེའི་རྒྱན་ ༡༠༧༽ ཟེར་གསུངས་དོ་བཟུམ་ཨིན།

དེ་འབད་ནི་འདི་གིས་ བྱམས་པ་ཚད་མེད་འདི་བྱམོ་གིས་བྱི་ཅུང་གསོ་བའི་སྐབས་ལུ་ དང་པོ་ཚང་འཇམ་ཞིང་བདེ་ཏོག་ཏོ་སྦེ་བཟོ་ནི་དང་ བྱམོ་མོ་རའི་གཤོག་པ་བཀབ་སྟེ་དྲོད་བྱིན་ སྤྱོད་ལམ་ཐམས་ཅད་འཇམ་པའི་སྒོ་ལས་བྱི་ཅུང་འདི་འཕུར་མ་སོང་གི་བར་དུ་སྐྱོང་བ་དང་མཚུངས་ཏེ་ རང་གིས་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལུ་དམིགས་ཏེ་ ལུས་ངག་ཡིད་གསུམ་གྱི་སྒོ་ལས་བྱམས་པའི་ལཱ་ལུ་བརྩོན་ཤུགས་བསྐྱེད་དགོཔ་ཨིན་ནོ།།

གཉིས་པ་སྙིང་རྗེ་ཚད་མེད། ཞུན་དག།

ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་རང་གི་ཕ་མ་ཨིནམ་ཤེས་ཞིནམ་ལས་ སེམས་ཅན་ཐམས་ཅད་འབྲས་བུ་སྡུག་བསྔལ་དང་ སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་དང་བྲལ་བཅུག་མནོ་བའི་ཀུན་སློང་འདི་ལུ་སྙིང་རྗེ་ཚད་མེད་ཟེར་སླབ་ཨིན། འདི་ལུ་དབྱེ་བ་འབད་བ་ཅིན་ སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེ་ཟེར་གསུམ་ཡོད། དང་པ་ སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཟེར་མི་འདི་ ངན་སོང་གསུམ་གྱི་སྡུག་བསྔལ་མཐོང་སྟེ་ སེམས་ཅན་རྣམས་ལུ་སྙིང་རྗེ་སྐྱེ་མི་འདི་ལུ་སླབ་ཨིན། གཉིས་པ་ཆོས་ལ་དམིགས་པའི་སྙིང་རྗེ་ཟེར་མི་འདི་ ག་དེམ་ཅིག་སྦེ་རང་གིས་འཕགས་པའི་བདེན་པ་བཞི་ལུ་གོམས་འདྲཝ་ཅིག་འབད་བ་ཅིན་ རྒྱུ་དང་འབྲས་བུ་གཉིས་ཀྱི་དོན་ཧ་གོ་ཞིནམ་ལས་ རྟག་པ་དང་རིལ་པོར་འཛིན་པའི་སེམས་མ་སྐྱེ་བར་ སེམས་ཅན་གཞན་གྱིས་རྒྱུ་དང་འབྲས་བུ་ རྟག་པ་དང་རིལ་པོར་འཛིན་པ་འདི་འཁྲུལ་པ་ཨིན་སྙམ་པའི་སྙིང་རྗེ་སྐྱེ་མི་ལུ་སླབ་ཨིན། གསུམ་པ་དམིགས་པ་མེད་པའི་སྙིང་རྗེ་ཟེར་མི་འདི་ ག་དེམ་ཅིག་སྦེ་རང་གིས་མཉམ་པར་བཞག་ཞིན་ན་ ཆོས་ཐམས་ཅད་བདེན་པ་བསྒྲུབས་ཏེ་མེད་པར་སྟོང་པ་ཉིད་དུ་རྟོགས་ཏེ་ སེམས་ཅན་རྟག་འཛིན་ཅན་ནམ་དངོས་འཛིན་ཅན་རྣམས་ལུ་ཁྱད་པར་དུ་སྙིང་རྗེ་སྐྱེ་མི་འདི་ལུ་སླབ་ཨིན། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །གོམས་པའི་སྟོབས་ཀྱིས་རྫོགས་པ་ན། །དངོས་འཛིན་གདོན་གྱིས་འཛིན་པ་ལ། །ཁྱད་པར་དུ་ཡང་སྙིང་རྗེ་སྐྱེ། ། ཟེར་གསུངས་དོ་བཟུམ་ཨིན། དེའི་དམིགས་ཡུལ་འདི་སྡུག་བསྔལ་དྲག་པོ་གིས་མནར་བའི་སེམས་ཅན་རྣམས་དང་ རྣམ་པ་འདི་འབྲས་བུ་སྡུག་བསྔལ་དང་རྒྱུ་མི་དགེ་བ་དང་བཅས་པར་བྲལ་བར་འདོད་པའི་བློ་ལུ་གོ་དགོཔ་ཨིན།

དེའི་ལག་ལེན་འདི་ དང་པ་བཀའ་དྲིན་བསམ་བརྗོད་ཀྱི་ཡུལ་མཆོག་རང་གི་དྲིན་ཅན་ཕ་མ་འདི་ ཕྱོགས་འདི་ནང་སྐྱེས་བུ་གཞན་གཅིག་གིས་བཅད་བཏུབ་བྱེད་པ་དང་། ཡང་ཅིན་གནམ་མེད་ས་མེད་གྲང་བསིལ་ལྡན་པའི་ས་ཁར་གནས་ཏེ་ ཆུ་བུར་རྡོལ་བ་དང་ཆེན་པོ་སོགས་འཐོན་པའི་སྡུག་བསྔལ་མྱོང་ས་མཐོང་པ་ཅིན་ ཤིན་ཏུ་སྙིང་རྗེ་དགོཔ་ཨིན། དེ་བཟུམ་སྦེ་དམྱལ་བར་སྐྱེས་པའི་སེམས་ཅན་གཅིག་ཀྱང་ཕ་མ་མ་འབདཝ་མེད་ རང་གི་ཕ་མ་རྣམས་ ཡང་སོས་དང་ཐིག་ནག་ལ་སོགས་པ་ ཁྱིམ་ཐོག་བརྩེགས་དོ་བཟུམ་ཡོད་པའི་ནང་ བཟོད་མ་ཚུགས་པའི་ཚ་བསྲེགས་ཀྱི་སྡུག་བསྔལ་དང་ ཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་ཁྲོད་ བུ་ཡུག་གིས་སྤྲེབས་པའི་གནས་སུ་ གཅེར་བུ་གྲང་བའི་སྡུག་བསྔལ་གྱིས་ཉམས་ཐག་པ་ལས་ ལུས་ལུ་ཆུ་བུར་ཅན་དང་རྡོལ་བ་ལ་སོགས་པའི་ གྲང་བའི་སྡུག་བསྔལ་མྱོང་བའི་སྐབས་ ག་ཅི་སྦེ་སྙིང་མི་རྗེ་ནི་ དེ་འབདཝ་ལས་ དེ་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པར་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་དགོཔ་ཨིན། དེ་ཡང་ བདག་ཅག་གི་སྟོན་པ་སངས་རྒྱས་ཤཀྱཱ་ཐུབ་པ་ སྔོན་ཐེག་པ་ཆེན་པོའི་རིགས་སུ་གནས་པའི་སྐབས་ ལས་དབང་གིས་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་སྐྱེས་པའི་ཚེ་ གཞན་ཕན་སྙིང་རྗེའི་སེམས་དང་པོ་བསྐྱེད་དོ་བཟུམ་ཨིན། ཡང་རང་གི་ཕ་མ་འདི་ཕྱོགས་འདི་ནང་ བཟའ་བཏུང་མཐོང་རུང་ཡང་དབང་མེད། རང་གིས་ཟ་བ་ལུ་ཡང་ནུས་པ་མེད། ཟས་ལ་ལུ་གཅིག་མི་གཙང་བ་སྦེ་མཐོང་བ་དང་། ཇི་སྐད་དུ། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ།། ཟེར་གསུངས་དོ་བཟུམ་ དེ་ལྟ་བུའི་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་དུས་ ག་ཅི་འབད་སྙིང་མི་རྗེ་ནི་ དེ་འབདཝ་ལས་ དེ་དག་གི་སྡུག་བསྔལ་རྒྱུ་དང་བཅས་པར་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་དགོཔ་ཨིན།

ཡང་ རང་གི་ཕ་མ་འདི་མཐའི་རྒྱ་མཚོ་ཆེན་མོའི་ནང་ལུ་ཆུ་སྲིན་དང་། སྦུལ་དང་། ཉ་དང་། སྦལཔ་ལ་སོགས་པའི་དུད་འགྲོ་ཆེ་བ་རི་བཟུམ་ཅིག་དང་ ཆུང་བ་རྡུལ་བཟུམ་ཅིག་གི་བར་ ཆང་འགག་གི་སྦང་མ་བཞིན་ཡོདཔ་དང་ ཆེ་བ་གིས་ཆུང་བ་རྣམས་ཁྱུར་མིད་བྱེད་པ་དང་། ཆུང་བ་གིས་ཆེ་བ་རྣམས་ཀྱི་གཟུགས་འབིགས་པ་ལ་སོགས་པའི་ གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་དང་། བསད་ཅིང་བཅད་པ་དང་ ལྷ་དང་མིའི་ཡུལ་ན་བླུན་རྨོངས་བཀོལ་སྤྱོད་དང་ རྡེག་ཅིང་འཚོག་པ་ལ་སོགས་པའི་སྡུག་བསྔལ་མྱོང་བའི་སྐབས་ ག་ཅི་འབད་སྙིང་མི་རྗེ་ནི་ དེ་འབདཝ་ལས་དེའི་སྡུག་བསྔལ་རྒྱུ་དང་བཅས་པར་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་དགོཔ་ཨིན། དེ་ཡང་ མནོ་མེད་དུད་འགྲོ་ར་དང་ལུག་ བ་དང་གླང་ལ་སོགས་པ་རྣམས་ གསད་སའི་ཁྱིམ་གྱི་གྱལ་ཁར་བལྟ་སྟེ་ འདི་ངེ་གི་ཕ་མ་རྒན་རྒས་གཉིས་ཨིན་པ་ཅིན་ ང་ག་ཅི་འབད་ནི་སྙམ་པ་དང་ དེ་ལུ་དུད་འགྲོ་ཨིན་པའི་བློ་སྤངས་ཏེ། སྙིང་ཐག་པ་ལས་ར་ངེ་གི་ཕ་རྒན་མ་རྒན་ཨིན་ཟེར་བསྒོམ་ནི་དང་ ངེ་གི་ཕ་མ་གཉིས་ལུ་ཉེས་པ་ཆུང་ཀུ་ཅིག་ཡང་མེད་དེ་འབད་རུང་གཞན་གྱིས་གསོད་པ་ཅིན་ང་ག་ཅི་འབད་ནི་ དེ་ལུ་སྡུག་བསྔལ་ག་ཅི་བཟུམ་འོང་ག་མནོ་སྟེ་ འཕྲལ་དང་འཕྲལ་ར་སྡུག་བསྔལ་དེ་ལས་ཐར་བཅུག་འདོད་པའི་སྙིང་བརྩེ་ལྷག་པར་བསྐྱེད་དགོཔ་ཨིན།

ཡང་ རང་གི་ཕ་མ་འདི་ཕྱོགས་གཅིག་ན་ གཡང་ས་ཆེན་པོ་ལས་འགྱོ་བའི་སྐབས་ ཆ་རོགས་འབད་མི་མེད་པའི་སྡུག་བསྔལ་དང་། ངེས་པ་མེད་པའི་ས་ཁར་སྡུག་བསྔལ་ཡང་ངེས་པ་མེད་པར་ བྱག་གི་བར་ན་གནས་པ་དང་ རྡོའི་ནང་ལུ་འཐུམ་པ་དང་ ཆབ་རོམ་གི་ནང་ལུ་ཡན་ལག་བརྐྱང་བསྐུམ་འབད་མ་ཚུགས་པར་ལུས་པ་དང་ ཆུ་ཚན་གྱི་ནང་ལུ་འཚོད་པ་དང་ མེའི་ནང་ལུ་སྲེག་པ་དང་ ཤིང་སྡོང་བཅད་གཏུབ་འབད་བའི་སྐབས་ རང་གི་ཡན་ལག་ཡང་བཅད་པའི་སྡུག་བསྔལ་དང་། ལྷིའུ་དང་ ཕྱགསམ་དང་ སྒོ་དང་ སྒྱེད་བུ་དང་ ཐག་པ་ལ་སོགས་པའི་གནས་ན་ དཀའ་སྤྱད་སྡུག་བསྔལ་མྱོང་བའི་སྐབས་ ག་ཅི་སྦེ་སྙིང་རྗེ་མི་བསྐྱེད་ནི་ དེ་འབདཝ་ལས་དེ་དག་གི་སྡུག་བསྔལ་དང་ སྡུག་བསྔལ་དེའི་རྒྱུ་དང་བྲལ་བར་འདོད་པའི་སྙིང་རྗེ་བསྒོམ་དགོཔ་ཨིན།

དེ་ཡང་ སྔོན་འཕགས་པ་ཐོགས་མེད་ཀྱིས་རི་བོ་བྱ་རྐང་ཅན་དུ་བྱོན་སྦེ་ རྒྱལ་བ་བྱམས་པ་བསྒྲུབས་པའི་ཚེ་ ལོ་དྲུག་གི་རིང་དཀའ་བ་སྤྱད་དེ་འབད་རུང་ བསྒྲུབ་པའི་རྟགས་ཞལ་མཇལ་ནི་ཕར་བཞག་ རྨི་ལམ་བཟང་པོ་ཅིག་ཡང་མ་བྱུང་པར་ ལོག་བྱོན་པའི་ལམ་ཁར་མི་གཅིག་གིས་ ལྕགས་ཀྱི་སྡོང་པོ་སྦོམ་གཅིག་རས་འཇམ་ཏོང་ཏོ་གིས་འཕྱག་སྡོད་སར་གཟིགས་ཏེ། ཁྱོད་འདི་བཟུམ་ག་ཅི་སྦེ་འབདཝ་སྨོ་ཟེར་འདྲི་བའི་ལན་ལུ་ ང་ལུ་ཁབ་མེད་ནི་འདི་གིས་ལྕགས་འདི་རས་ཀྱིས་རྣོ་ཁེག་ཁེ་བཟོ་ཞིནམ་ལས་ཁབ་བཟོ་ནི་ཨིན་ཟེར་ཞུ་ནུག། དེ་བཟུམ་སྦེ་འཇིག་རྟེན་པ་གཅིག་གིས་འབད་ཚུགས་པ་ཅིན་ ང་ཆོས་བསྒྲུབ་ནི་ལུ་འདི་བ་ལྷག་སྟེ་སྙིང་རུས་སྐྱེད་ཚུགས་པའི་ནུས་པ་ཡོད་ཟེར་དགོངས་ཏེ་ལོག་བྱོན་ནུག། ལོ་གསུམ་གྱི་རིང་ལུ་བསྒྲུབས་ཏེ་འབད་རུང་ རྟགས་མ་བྱུང་པར་སྔར་བཞིན་ཡིད་ཆད་དེ་བྱོན་པའི་ལམ་ཁར་ བྱག་སྦོམ་གཅིག་གི་རྩ་བར་ མི་གཅིག་གིས་བྱའི་སྒྲོ་གིས་བྱག་འདི་འཕྱག་སྡོད་སར་གཟིགས་ཏེ་ ཁྱོད་ག་ཅི་འབད་དོ་ཟེར་འདྲི་བའི་ལན་ལུ་ ངེའི་ཁྱིམ་འདི་བྱག་འདི་གིས་སྤུབས་ཏེ་ཉིམ་ཕོག་ནི་མེདཔ་ལས་ བྱག་འདི་མེདཔ་བཟོ་ནི་སྦེ་ཨིན་ཟེར་ཞུ་ནུག། ད་རུང་འཕགས་པ་ཐོགས་མེད་ཐུགས་སྙིང་རུས་སྐྱེད་དེ་ ལོ་གསུམ་གྱི་རིང་བསྒྲུབ་རུང་རྨི་ལམ་བཟང་པོ་གཅིག་ཡང་མ་བྱུང་པར་ཡིད་ཆད་དེ། ད་འབདན་ ཐད་རི་བ་རི་བསྒྲུབ་མི་ཚུགས་ནི་མས་ཟེར་དགོངས་ཏེ་བྱོན་པའི་ལམ་ཁར་ རོ་ཁྱི་མོ་གཅིག་རྐངམ་གཉིས་ཆ་ར་ཞརཝ་དང་ ཁོད་སྨད་ག་ར་རུལ་ཏེ་འབུཔ་ཆགས་ཏེ་ཡོད་མི་གིས་ གཞན་ལུ་ཞེ་སྡང་དྲག་པོ་གིས་ཧབ་སར་གཟིགས་ནུག། འདི་ལུ་འཕགས་པ་སྙིང་རྗེ་གིས་བཟོད་མ་ཚུགས་པར་ སྐུ་གཟུགས་ཀྱི་ཤ་བཅད་དེ་རོ་ཁྱི་ལུ་བྱིན་ རོ་ཁྱིའི་གཟུགས་ཁར་ཡོད་པའི་འབུཔ་ཕྱག་གིས་བསལ་བ་ཅིན་ཤི་ནི་ཨིན་མས་ འདི་བ་ལྕེ་གིས་བསལ་དགོ་པས་ཟེར་དགོངས་ཏེ་ སྤྱན་བཙུམས་ཏེ་ལྗགས་བརྐྱངམ་ད་ཁྱི་ལུ་མེན་པར་ས་ཁར་ཐུག་སྟེ་ སྤྱན་བརྒྱང་པའི་སྐབས་ ཧེ་མའི་རོ་ཁྱི་མེན་པར་རྗེ་བཙུན་བྱམས་པའི་ཞལ་དངོས་སུ་མཇལ་ཚུགས་ནུག། འདི་ག་ཅི་སྦེ་ཨིན་ན་ཟེར་བ་ཅིན་ རོ་ཁྱི་འདི་ལུ་སྙིང་རྗེ་དཔག་ཏུ་མེད་པར་བསྐྱེད་དེ་ སྒྲིབ་པ་ཐམས་ཅད་མ་ལུས་པར་དག་ནི་འདི་གིས་ཨིནམ་དང་ ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཡང་། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། །ཆོས་གཅིག་ལ་བསླབ་པར་བགྱིའོ། །དེ་གང་ཞེ་ན་སྙིང་རྗེ་ཅན་ནོ། །གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཡོད་པ་ལྟར་འགྱུར་རོ། ། ༼ཀུན་བཟང་བླ་མའི་ཞལ་ལུང་ ༣༣༩༽ ཟེར་གསུངས་དོ་བཟུམ་ཨིན། མཐར་ནམ་མཁའ་ག་ཏེ་ཁྱབ་ས་ཁམས་གསུམ་གྱི་སེམས་ཅན་ཁྱབ་པ་དང་ སེམས་ཅན་ག་ཏེ་ཁྱབ་ས་ལས་དང་སྡུག་བསྔལ་ཁྱབ་སྟེ། རང་གིས་སེམས་ཅན་དེ་རྣམས་ལུ་དམིགས་ཏེ་ དེ་དག་གི་སྡུག་བསྔལ་ཚད་མེད་པ་དང་ རྒྱུ་ཚད་མེད་པ་གཉིས་ལས་མྱུར་དུ་གྲོལ་བར་འདོད་པ་འདི་སྙིང་རྗེ་ཚད་མེད་ཨིན་ནོ། །

གསུམ་པ་དགའ་བ་ཚད་མེད། ཞུན་དག།

དགའ་བ་ཚད་མེད་ཟེར་མི་འདི་ སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག། ཟེར་གསུངས་ཡོད་དོ་བཟུམ་ ཕྱོགས་བཅུ་ན་གནས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པ་དང་སྡུག་བསྔལ་གི་རྒྱུ་གིས་བཅིངས་ཡོད་དེ་འབད་རུང་འདི་ལས་གྲོལ་ཏེ། བདེ་བ་དང་ལྡན་པར་ཤོག་སྙམ་པ་དང་ བདེ་བ་འདི་དང་འཕྲད་དེ་ དུས་ནམ་ཡང་བདེ་བ་འདི་ལས་བྲལ་བ་མེད་པར་རང་གི་སེམས་ཀྱི་སྙིང་ནས་ རྗེས་སུ་ཡི་རངས་ཀྱི་སྒོ་ལས་གཞན་ལུ་དགའ་བ་བསྒོམ་ནི་དང་། གཞན་ཡང་གཞན་གྱི་ཡོན་ཏན་དང་། རྒྱུ་ནོར་ལོངས་སྤྱོད་དང་། དགེ་བའི་ལཱ་ལུ་རྩོལ་བ་དང་། ཐར་པར་འབད་པ་དང་། ལེགས་ཆ་བཟང་པོ་དང་འབྲས་བུ་བཟང་པོ་སྨིན་པ་ལ་སོགས་པ་ལུ་སྨོན་ལམ་དང་བཅས་ ཡང་དག་པའི་དགའ་བ་སྒོམ་མི་འདི་ལུ་དགའ་བ་ཚད་མེད་པ་ཟེར་སླབ་ཨིན། དེ་བཟུམ་སྦེ་ཕྱོགས་བཅུའི་མུན་སེལ་ལས། སེམས་ཅན་བདེ་དང་ལྡན་པ་རྣམས་དེ་དང་མི་འབྲལ་བར་འདོད་པའི་དགའ་བ། །ཟེར་གསུངས་དོ་བཟུམ་ཨིན།

དེ་ཡང་ དགའ་བ་སྒོམ་པའི་སྐབས་ལུ་དམིགས་པའི་ཡུལ་འདི་ སེམས་ཐམས་ཅད་ཀྱི་དོན་ལུ་བསྒོམ་དགོ། སྣང་བར་མ་གྱུར་པའི་སེམས་ཅན་གྱི་ཁམས་འདི་ཚད་མེད་དོ་ ཟེར་སླབ་དོ་བཟུམ་ སེམས་ཅན་གྱི་ཁམས་ཚད་མེད་པའི་གྱངས་ཁ་གཟུང་ནི་འདི་ རང་ལུ་ནུས་པ་མེད་པ་ལས་སེམས་ཅན་ཚད་མེད་ཟེར་དང་། དེ་འབདཝ་ལས་བརྟེན་ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་ ཐོག་མ་མེད་པའི་དུས་དང་རང་ར་སོ་སོའི་ལས་དབང་གིས་ སོ་སོའི་གནས་མཐོ་དམན་ལུ་འཁོརཝ་ཨིན་རུང་ ལན་བརྒྱ་སྟོང་དང་བསྐལ་པ་དང་བསྐལ་པའི་བར་ རང་གི་ཕ་མ་གཉེན་ལུ་མ་གྱུར་བ་མེདཔ་ཨིན། རང་གི་ཕ་མ་དང་དགེ་བཤེས་དང་ གཉེན་བཤེས་རྐྱངམ་གཅིག་ལུ་དགའ་བ་བསྒོམ་ནི་མེན་པར་ རང་ལུ་གནོད་བཀལ་མི་དགྲ་དང་སེམས་ཅན་རྣམས་ རང་གི་གཉེན་ཨིན་སྙམ་པའི་སེམས་ཀྱིས་ སེམས་ཅན་ཐམས་ཅད་ཚད་མེད་པ་འཁོར་བའི་སྡུག་བསྔལ་རྒྱུ་ཆེ་འབྲིང་ཆུང་གསུམ་གྱིས་ཉམས་སུ་ལེན་པའི་ཚེ་སྙིང་རྗེ་བསྒོམ་ནི་དང་ བདེ་བའི་རྒྱུ་དང་ལྡན་ཏེ་ དེའི་འབྲས་བུ་བདེ་བ་དང་བྲལ་བ་མེད་པའི་ལེགས་སྨོན་དང་བཅས་དགའ་བ་བསྐྱེད་དགོ། མཐར་རང་དོན་ལུ་མ་དམིགས་པ་དང་ བསྒོམ་པའི་སྐབས་སུ་རང་རྒྱུད་ལུ་ཕྲད་དོག་ལ་སོགས་པའི་སྒོ་ནས་མ་བསྒོམས་པར། ཀུན་བཟང་བླ་མའི་ཞལ་ལུང་ལས། ལོངས་སྤྱོད་དང་ལྡན་པ་ཞིག་དམིགས་ཡུལ་དུ་བསམ་ནས། །དོ་ལ་འགྲན་སེམས་དང་ཕྲག་དོག་མེད་པར། །ད་རུང་འདི་བས་ཀྱང་མངོན་མཐོའི་དཔལ་གྱིས་འབྱོར་ཞིང་། །འཚེ་བ་མེད་པ། །ཤེས་རབ་ཆེ་བ་ལ་སོགས་ཡོན་ཏན་ཕུན་སུམ་ཚོགས་པ་དུ་མས་འབྱོར་པར་ཤོག་ཅིག །ཟེར་གསུངས་ཏེ་འདུག། དེ་བཟུམ་སྦེ་ར་མཁས་པའི་བློ་གྲོས་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ སེམསཅན་ཐམས་ཅད་ཀྱི་དོན་ལུ་སེམས་བསྐྱེད་ཡང་ན་དགའ་བ་སྒོམ་ཐངས་འདི་ ཐམས་ཅད་ཀྱི་སྟོབས་འབྱོར་ལུ་སྙིང་ཐག་པ་ནས་ཡིད་རངས་བ་རྔ་མོང་གིས་རྔའི་རྙེད་པ་བཟུམ་དང་ ཐོག་མ་མེད་པའི་སེམས་ཅན་རྣམས་ དུས་ནམ་ཡང་བདེ་བ་དང་ལྡན་པའི་སྐབས་སུ་དགའ་བ་སྒོམ་པའི་ཀུན་སློང་དང་ བདེ་བ་དང་མ་བྲལ་བར་ཤོག་ཟེར་བསམ་པའི་དྭངས་བ་སྤྲོ་བ་དང་བཅས་པའི་སྒོ་ལས་སྨོན་ལམ་བཏབ་དོ་བཟུམ་བསྒོམ་དགོཔ་ཨིན། དགའ་བ་སྒོམ་པའི་སྐབས་ལུ་ རང་ལུ་ག་ནི་ཡང་མེད་དེ་འབད་རུང་ གཞན་ཡོད་མི་ཚུ་གིས་ཡར་དཀོན་མཆོག་གསུམ་ལུ་མཆོད་པའི་ཡོ་བྱད་ཕུལ་ནི་དང་ མར་ངན་སློང་ལུ་སྦྱིན་པ་གཏང་སར་མཐོང་པ་ཅིན་ འདི་ལུ་རང་གི་ཕྲག་དོག་དང་ མིག་སེར་དང་ སེར་སྣ་དང་ བདག་འཛིན་ཅན་དང་ བདག་གཉེར་ཅན་མེན་པར་ དེའི་དགེ་བ་འདི་ རང་དང་འདྲ་བའི་སེམས་ཅན་ཐམས་ཅད་ལུ་འཐོབ་བཅུག་མནོ་བའི་དགའ་བ་བསྒོམ་དགོཔ་ཨིན། དཔེར་ན་ མི་གཞན་གཅིག་ལུ་ཕ་མ་སྤུན་ཆ་འཛོམས་ རྒྱུ་ནོར་ལོངས་སྤྱོད་འཛོམས་ དགའ་སྐྱིད་ཕུན་སུམ་ཚོགས་ཏེ་ཡོད་པ་ཅིན་ འདི་བཟུམ་མའི་དགའ་བ་འདི་ཡུན་རིང་དུ་གནས་འདི་འབད་ས་ཅིག་རུང་ འདི་གི་ངོ་བོ་ཡང་ན་རང་བཞིན་སྡུག་བསྔལ་ཨིནམ་ཤེས་ཞིནམ་ལས་དགའ་བ་བསྒོམ་ནི་གལ་ཆེ།

དགའ་བ་ཚད་མེད་སྒོམ་པའི་ཕན་ཡོན་འདི་ ཚེ་ད་ལྟོ་རང་དང་གཞན་བདེ་བ་ཆེན་པོའི་ས་ལུ་གནས་ནི་དང་། དུས་ཨ་རྟག་ར་གཞན་ཕན་ལུ་འགྲོ་དོན་དང་དགའ་བ་སྒོམ་སྟེ་ཚོགས་དཔག་ཏུ་མེད་པ་བསགས་ཏེ་ཚེ་རིང་བ་དང་ནད་མེད་པ། ཡང་སངས་རྒྱས་ཀྱིས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་མྱུར་དུ་སྨིན་པར་འགྱུར།། ཟེར་གསུངས་དོ་བཟུམ་ ད་ལྟོ་དགའ་བ་སྒོམ་པའི་ཕན་ཡོན་འདི་ ཚེ་ད་རེས་རང་དང་མཉམ་ཆ་རོགས་མང་ནི་དང་ ཚེ་ཤུལ་མ་ཡང་གཞན་གྱི་རང་ལུ་དགའ་སྐྱིད་བྱིན་མི་མང་བའི་ཁར་ ཆ་རོགས་འབད་མི་ཡང་རྩ་ལས་རང་མི་དཀོན་ནི་ཨིན་མས། དེ་ལས་དགའ་བ་སྒོམ་པའི་སྐབས་སུ་རང་རྒྱུད་ལུ་སྐྱེད་པ་ལ་བརྟེན་ནས་ དམ་ཆོས་པདྨ་དཀར་པོའི་མདོ་ནང་ལས། དགའ་བ་ཆེན་པོ་བསྐྱེད་པ་ལ་བརྟེན་ནས་རང་ཉིད་ཡུན་བསྲིངས་པའི་ལུས་ཀྱི་བདེ་བ་དང་། །གང་བདེན་པ་ཡིན་པར་ཡིད་ཆེས་བརྟེན་པ། །དེ་བཞིན་ཡིད་ཀྱི་དགའ་བ་མཆོག་དང་ལྡན་པ་སྐྱེ་བ།། ཟེར་གསུངས་ཏེ་འདུག། དེ་མ་ཚད་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ།། ཟེར་གསུངས་དོ་བཟུམ་ མཐར་ཐུག་ཚད་མེད་པའི་སེམས་ཅན་ཐམས་ཅད་ལུ་ དགའ་བ་ཚད་མེད་པ་བསྒོམ་པ་ཅིན་འབྲས་བུ་བཟང་པོ་འཐོབ་ནི་དང་ མིའི་་སྲིད་པ་ནང་སྐྱེ་རུང་ཡང་དག་པའི་ལུས་རྟེན་ཐོབ་མ་ཚད་སངས་རྒྱས་རིགས་སུ་སྐྱེཝ་ཨིན། ཚེ་འདི་ལས་ཤི་སྟེ་སངས་རྒྱས་ཀྱི་ས་ལུ་གནས་ནི་དང་ སྐྱེས་བུ་དམ་པའི་བདེ་བ་དང་ལྡན་ནི་ཨིན་ནོ།།

བཞི་པ་བཏང་སྙོམས། ཞུན་དག།

རང་གི་རྒྱུད་ལུ་བཏང་སྙོམས་འདི་མེད་པ་ཅིན་ བྱམས་པ་དང་ སྙིང་རྗེ་དང་ དགའ་བ་གསུམ་ཡོད་དེ་ར་འབད་རུང་ ཆགས་སྡང་ཕྱོགས་རིས་དབང་ལུ་ཤོར་ནིའི་ཉེན་ཁ་ཡོདཔ་ཨིན། དེ་འབདཝ་ལས་བཏང་སྙོམས་ཚད་མེད་ཟེར་མི་འདི་ གཞན་ཕྱོགས་ལུ་ཡོད་པའི་དགྲ་ལུ་ཞེ་སྡང་དང་ རང་ཕྱོགས་ལུ་ཡོད་པའི་གཉེན་ལུ་ཆགས་པའི་རྣམ་གཞག་ག་ནི་ཡང་མེད་པར་ ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ རང་གི་ཕ་མ་ཨིནམ་ཤེས་ཞིནམ་ལས་ དེ་ལུ་རང་དང་གཞན་གྱི་དབྱེ་བ་དང་ཉེ་རིང་ཆགས་སྡང་སོགས་མེད་པར་ འདྲ་མཉམ་གྱི་ཐོག་ལས་ཕན་སེམས་ཚད་མེད་པ་བསྐྱེད་མི་ལུ་བཏང་སྙོམས་ཟེར་སླབ་ཨིན། བཏང་སྙོམས་འདི་སྤྱིར་བཏང་འཁོར་བའི་སེམས་ཅན་གེ་ར་ལུ་བསྐྱེད་དགོཔ་དང་ ལྷག་པར་དུ་ ད་ལྟོ་ང་བཅས་ཚུ་སངས་རྒྱས་འཐོབ་པའི་ལམ་སྒྲུབ་པའི་སྐབས་ ཆོས་ལུགས་རྣམས་ཀྱི་བར་ན་བཏང་སྙོམས་དང་ བླམ་དང་སློབ་མའི་བར་ན་བཏང་སྙོམས་དང་ ཚེ་ད་རེས་ཀྱི་ཕམ་དང་སྤུན་ཆའི་བར་ན་བཏང་སྙོམས་དང་ རིགས་རྒྱུད་མཐོ་དམན་གྱི་བར་ན་བཏང་སྙོམས་དེ་རྣམས་ རང་གི་རྒྱུད་ལུ་བསྐྱེད་དགོཔ་འདི་མེད་ཐབས་མེདཔ་ཅིག་ཨིན།

འཁོར་བ་ཐོག་མ་མེད་པ་ལས་སེམས་ཅན་ཆ་ཁྱབ་ ལ་ལུ་རང་གི་ཕམ་སྦེ་གཅིག་ཏུ་འཛོམས་ ལ་ལུ་རང་དང་མཉམ་གཅིག་སྦོམ་པའི་སྤུན་ཆ་སྦེ་འཛོམས་ ལ་ལུ་རང་དང་མཐུན་པའི་ཆ་རོགས་སྦེ་འཛོམས་ ལ་ལུ་རང་གི་སེམས་མཐུན་ལུས་མཐུན་གྱི་གཉེན་གྲོགས་སྦེ་འཛོམས་ ལ་ལུ་རང་གི་སྒོ་ཁར་དུད་འགྲོ་སྦེ་སྐྱེས་ ལ་ལུ་རང་དང་མ་མཐུན་པའི་དགྲ་སྦེ་སྐྱེས་ཏེ་ཡོདཔ་ཨིན། དེ་སྦེ་ཨིན་ཏེ་འབད་རུང་ འདི་ཚུ་རྟག་པ་བརྟན་པ་ག་ནི་ཡང་མེད་པར་ མི་ཚེ་འདི་ནང་ར་རང་དང་མཉམ་ཡོད་པའི་ཕ་མ་དང་ སྤུན་ཆ་དང་ གཉེན་གྲོགས་དང་ ཆ་རོགས་ལ་སོགས་པ་རྣམས་ རང་གི་མི་མཐུན་པའི་དགྲ་ལུ་འགྱུར་ནི་དང་ ཡང་ཅིན་རང་ཚེ་འཕོས་ཏེ་ལུས་རྟེན་སོར་འགྱོ་བའི་སྐབས་ ཚེ་ཧེ་མ་རང་དང་མཉམ་ཡོད་པའི་ཕ་མ་ལ་སོགས་པ་རྣམས་ རང་དང་གཅིག་ཁར་འོང་ནི་དང་ མི་མཐུན་པའི་དགྲ་ཡང་ རང་གི་དགྲ་སྦེ་ར་སྐྱེ་དགོཔ་ཨིན་ན་ཟེར་བ་ཅིན་ འདི་རྩ་ལས་ངེས་པ་མེདཔ་ཨིན། དེ་སྦེ་འབད་སྐྱེ་བ་ལུ་ངེས་པ་མེདཔ་ཨིནམ་ཤེས་ཞིནམ་ལས་ རང་ཕྱོགས་ལུ་ཡོད་པའི་སེམས་ཅན་རྣམས་ལུ་ཆགས་པ་དང་ གཞན་ཕྱོགས་ལུ་ཡོད་པའི་སེམས་ཅན་རྣམས་ལུ་སྡང་བ་སྤུ་ཙམ་ཡང་མེད་པར་ བྱམས་པ་སྙིང་རྗེ་སོགས་ཀྱི་ཕན་སེམས་བཏང་སྙོམས་སྦེ་དགོཔ་ཨིན། འཕགས་པ་ཀཱ་ཏྱཱ་གིས། ཕ་ཤ་ཟ་ཞིང་མ་ལ་རྡེག །ལན་ངན་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ།། ༼ཀུན་བཟང་བླ་མའི་ཞལ་ལུང་ ༣༡༤༽ ཟེར་གསུངས་དོ་བཟུམ་ཨིན། འཁོར་བ་ནང་གི་སེམས་ཅན་ཐ་ན་འབུཔ་གྱོག་མོ་གཅིག་ལུ་ཡང་ སངས་རྒྱས་འཐོབ་པའི་རྒྱུ་བདེ་བར་བཤེགས་པའི་སྙིང་པོ་ཟེར་མི་འདི་ཡོདཔ་ཨིན། ད་ལྟོ་ང་བཅས་སངས་རྒྱས་འཐོབ་པའི་ལམ་སྒྲུབ་པའི་སྐབས་ ལམ་སྟོན་གྱི་རྩ་བ་ཆོས་ལུ་བསྟེན་དགོ་ནི་འདི་གིས་ ཆོས་ལུགས་རྣམས་ལུ་ ཉེ་རིང་ཆགས་སྡང་ཕྱོགས་རིས་འཕྱལ་ནི་འདི་རྩ་བ་ཉིད་ལས་ར་མ་བཏུབ་ཅིག་ཨིན། ཨྱོན་རིན་པོ་ཆེ་གིས། དུས་རྣམས་མི་འགྱུར་མི་རྣམས་འགྱུར་བ་ཡིན། །ཟེར་གསུངས་དོ་བཟུམ་སྦེ་ དེང་སང་གི་དུས་ལུ་ རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་ན་མ་ཚད་པར་ རྒྱལ་ཁབ་ནང་འཁོད་ལུ་ཡང་ཆོས་ལུགས་མ་འདྲཝ་ཚུ་གི་བར་ན་སྟབས་མ་བདེཝ་ དམག་འཁྲུག་དང་ནང་འཁྲུག་ལེ་ཤ་ར་འབྱུང་དོ་ཡོདཔ་ཨིན། དེ་སྦེ་སྟབས་མ་བདེཝ་འབྱུང་དགོ་མི་འདི་ཡང་ སེམས་ཅན་རང་ར་སོ་སོའི་རྒྱུད་ལུ་ བཏང་སྙོམས་འདི་བསྒོམ་མ་ཤེས་པའི་རྟགས་ངོ་མ་ཅིག་ཨིན། རང་གི་ཆོས་ལུགས་འདི་ག་བ་ཡང་བཟང་ རོགས་ཀྱི་ཆོས་ལུགས་འདི་ག་བ་ཡང་ངན་ཟེར་ དམའ་ཕབ་རྐྱབ་པ་ཅིན་ ངན་སོང་གསུམ་ལུ་ལྷུང་ནིའི་རྒྱུ་གཙོ་བོ་ཅིག་ཨིན། འཕགས་པ་ལྷ་གིས། ཆོས་ནི་མདོར་ན་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུང་། །སྟོང་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ། ཟེར་གསུངས་དོ་བཟུམ་སྦེ་ ཆོས་ཟེར་མི་འདི་ར་གཞན་ལུ་གནོད་འཚེ་མེད་པར་ སྙིང་ཐག་པ་ལས་ར་ རང་གཞན་མེད་པར་ཕན་པའི་བྱང་ཆུབ་ཀྱི་སེམས་ཡོད་པ་ཅིན་ འདི་བ་ལྷག་པའི་མཆོག་ཏུ་གྱུར་པ་ཅིག་མེད། དཔེར་ན་ རང་ནང་པ་ཨིན་པའི་ཆ་ལས་འབྲུག་པ་བཀའ་བརྒྱུད་དང་ རྙིང་མ་པ་ལ་སོགས་པ་མ་འདྲ་བའི་ཆོས་ལུགས་ཡོད་དེ་ར་འབད་རུང་ རང་ཆོས་ལུགས་ག་གི་ནང་ཨིན་རུང་ ཆོས་ལུགས་གཞན་དང་ཉེ་རིང་མེད་པར་ འདི་ལུ་ཐོས་བསམ་སྒོམ་གསུམ་ཐར་ཕྱིན་ཚུགས་པ་ཅིན་ འདི་གིས་སངས་རྒྱས་མ་ཐོབ་པའི་དཔེ་རྩ་ལས་མེད། དེ་འབདཝ་ལས་ ཆོས་ལུགས་ལུ་ཆགས་སྡང་འདི་སྤང་དགོ་པའི་ཁར་ བླམ་དང་སློབ་མའི་བར་ན་ བཏང་སྙོམས་དགོཔ་འདི་གལ་ཆེ་ཤོས་ཅིག་ཨིན། ང་བཅས་མི་མང་ཤོས་ཅིག་གིས་ར་ དང་པ་བླམ་འདི་མཇལ་མ་ཐག་ཏུ་ བླམ་འདི་གི་སྐོར་ལས་བརྟག་དཔྱད་ག་ནི་ཡང་མ་འབད་བར་ འདི་ལུ་དད་པ་རྣམ་གསུམ་གྱི་སྒོ་ལས་དབང་ལུང་ཁྲིད་གསུམ་ཞུ། ཤུལ་མ་བླམ་འདི་གིས་འཆར་གཞི་ངན་པ་བརྩམས་ཏེ་ རྒྱུ་དང་མིང་གཏམ་ བསྟོད་པ་དང་གུས་ཞབས་ལ་སོགས་པ་ཚུ་ལུ་དམིགས་ཏེ་བྱ་བ་ངན་པ་ཅིག་ལུ་ཡར་སོ་པ་ཅིན་ འདི་ལུ་སྐུར་པ་བཏབ་ནི་དང་ ཁ་གཏང་ནི་ལ་སོགས་པ་ལེ་ཤ་འབདཝ་ཨིན་མས། འདི་བཟུམ་འབད་བ་ཅིན་ བླམ་དང་ཆོས་ཞུ་མི་གཉིས་ཆ་ར་ངན་སོང་གསུམ་ལུ་ལྷུང་ནིའི་ཉེན་ཁ་སྦོམ་ཡོདཔ་ལས་འདི་ལུ་བཏང་སྙོམས་སྦེ་བཞག་དགོཔ་ཨིན། དེ་ཡང་བཙུན་པ་དགེ་འདུན་རིན་ཆེན་གྱིས། དང་པོར་དེ་ལ་ཡོན་ཏན་ཅི་འདུག་བརྟག །བར་དུ་ཉེས་པའི་སྐྱོན་ལ་ཅི་འདུག་བརྟག །ཐ་མར་སྐྱོན་དང་ཡོན་ཏན་གང་མང་བརྟག །དེ་ལ་ཡོན་ཏན་མང་བའི་ཕྱོགས་ཉིད་དུ། །བསྟེན་བྱ་ཡིན་ཚུལ་མདོ་ལས་འདི་སྐད་གསུང་།། ཟེར་གསུངས་དོ་བཟུམ་ཨིན། དེ་འབད་ནི་འདི་གིས་ ང་བཅས་ག་ར་འབད་རུང་ ངེ་གི་བླམ་འདི་མཁས་ གཞན་གྱི་བླམ་འདི་ངན་པ་ཨིན་ཟེར་བའི་ཆགས་སྡང་འདི་རྩ་བ་ལས་ར་སྤང་དགོཔ་ཨིན། བླ་མ་གི་འབད་ས་ཅིག་རུང་ སློབ་མ་དམངས་ཀྱི་སྦུག་ལས་ཉེ་རིང་འཕྱལ་ཏེ་བཟང་ངན་ལུ་མ་གཟིགས་པར་ བཏང་སྙོམས་ཀྱི་སྒོ་ལས་བྱམས་སྐྱོང་མཛད་དགོཔ་ཨིན། ཚེ་ད་རེས་གཅིག་ཁར་འཛོམས་པའི་བཟའ་ཚང་ནང་འཁོད་ཡང་ ནང་འཁྲུག་རྒྱབ་ཁར་བཞག་བསྟུན་གྲོས་སྦུག་ལུ་བཙུགས་ཏེ་འཆམ་ཏོག་ཏོ་སྦེ་སྡོད་དགོཔ་འདི་གལ་ཆེ། ད་རེས་ནངས་པའི་དུས་ལུ་ ཕ་མ་གིས་བུ་གཞི་ལུ་བརྩེ་བ་མེད་ བུ་གཞི་གིས་ཕ་མ་ལུ་གུས་ཞབས་མེད་པར་ ཕ་དང་བུའི་དག་སྣང་ཉམས་འགྱོ་དོ་ཡོདཔ་ཨིན། འདི་བཟུམ་མི་འབྱུང་ནིའི་དོན་ལུ་ཕམ་གིས་འབད་རུང་ ངེ་གི་བུ་ཆུང་ཤོས་འདི་ལེགས་ ངེ་གི་བུམ་ཆུང་ཤོས་འདི་ལུ་ཧིང་ལས་ར་དགའ་ ངེ་གི་བུ་སྦོམ་ཤོས་འདི་གིན་ག་ནི་ཡང་མི་ཤེས་པས་ཟེར་བའི་ ཆགས་སྡང་སྤངས་ཏེ་རང་གི་བུ་གཞི་ག་ར་ལུ་ ཉེ་རིང་མེད་པའི་བཏང་སྙོམས་དང་བྱམས་བརྩེ་ལྷོད་མེད་ཀྱི་སྒོ་ལས་སྐྱོང་དགོཔ་ཨིན། བུ་གཞི་ཚུ་གིས་འབད་རུང་ རང་གི་ཕ་མ་གཉིས་སོ་སོར་དབྱེ་བ་ཕྱེ་སྟེ་ ཨ་པ་ལུ་སྡང་སྟེ་ཨའི་ལུ་ཆགས་པ་དང་ ཨའི་སྡང་སྟེ་ཨ་པ་ལུ་ཆགས་པ་སོགས་སྤངས་ཏེ་ གཉིས་ཆ་ར་ལུ་བཏང་སྙོམས་ཀྱི་སྒོ་ལས་གུས་ཞབས་དང་ཞབས་ཏོག་ཞུ་དགོཔ་ཨིན། དེ་བཟུམ་སྦེ་ར་ འཛམ་གླིང་ནང་ལུ་རིགས་རྒྱུད་མཐོ་དམན་ལས་བརྟེན་ ཆགས་སྡང་ཕྱོགས་རིས་མང་སུ་མང་སུ་འཐོན་དོ་ཡོདཔ་ཨིན། དོན་ངོ་མ་ལུ་རིགས་བཟང་ངན་ལུ་ཁྱད་པར་ག་ནི་ཡང་མེད་ གཙོ་བོ་རང་གི་བསམ་པ་བཟང་ངན་ལུ་རག་ལས་དགོཔ་ཨིན། དེ་འབདཝ་ལས་བཏང་སྙོམས་ཚད་མེད་འདི་གིས་སྦེ་ རང་རྒྱུད་ལུ་ཡོད་པའི་ཆགས་སྡང་ཕྱོགས་རིས་ཀྱི་གཉེན་པོ་སྦེ་ལག་ལེན་འཐབ་སྟེ་ སེམས་ཅན་ཐམས་ཅད་ལུ་ཞི་བདེ་སྤྲོད་དགོཔ་ཨིན་ནོ། །ཚད་མེད་བཞི་ཟེར་མི་འདི་ རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ།། ༼སྐལ་བཟང་ཡིད་ཀྱི་དགའ་སྟོན་ ༦༢༽ ཟེར་གསུངས་དོ་བཟུམ་ཨིན་ནོ།

འགོག་པའི་བདེན་པ། ཞུན་དག།

སངས་རྒྱས་ཀྱི་ཡུལ་ཝ་ར་ན་སི་ལུ་ བདེན་པ་བཞི་ཡི་ཆོས་འཁོར་སྐོར་བའི་སྐབས་ སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་རྒྱུད་ལ་བསྟན་པར་བྱ། ཞེས་གསུངས་འདུག། འཕགས་པའི་བདེན་པ་ལུ་ རྣམ་པ་བཞིར་དབྱེ་བ་ཡིན་ཏེ་ སྡུག་བསྔལ་འཕགས་པའི་བདེན་པ། ཀུན་འབྱུང་འཕགས་པའི་བདེན་པ། འགོག་པ་འཕགས་པའི་བདེན་པ། ལམ་འཕགས་པའི་བདེན་པའོ། དེ་ཡང་ རྒྱུ་དང་འབྲས་བུ་གཉིས་སུ་བཤད་པའི་སྐབས་ སྡུག་བསྔལ་གྱི་བདེན་པ་ནི་འཁོར་བའི་འབྲས་བུ་དང་། ཀུན་འབྱུང་གི་བདེན་པ་ནི་འཁོར་བའི་རྒྱུ་དང་། དེ་བཞིན་འགོག་པའི་བདེན་པ་ནི་མྱང་འདས་ཀྱི་འབྲས་བུ་དང་། ལམ་གྱི་བདེན་པ་ནི་མྱང་འདས་ཀྱི་རྒྱུ་ཡིན་ནོ། དེ་ལས་སྡུག་བསྔལ་བདེན་པ་དང་ ཀུན་འབྱུང་བདེན་པ་གཉིས་ནི་ ཟག་བཅས་ཀྱི་ཆ་དང་། འགོག་པའི་བདེན་པ་དང་ ལམ་གྱི་བདེན་པ་གཉིས་ནི་ ཟག་མེད་ཀྱི་ཆ་ཡིན་ནོ། ། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་ འཕགས་པའི་བདེན་པ་ཞེས་བཏགས་དགོས་པའི་རྒྱུ་མཚན་ནི་ བདེན་པ་བཞི་ཡི་གནས་ལུགས་སམ་རང་བཞིན་ག་ཨིན་མི་འདི་ མཐའ་གཅིག་ཏུ་རྟོགས་ཚུགས་མི་ འཕགས་པ་ཁོ་ན་ཡིན་པའི་ཕྱིར་ འཕགས་པའི་བདེན་པ་ཞེས་བྱའོ།

སྤྱིར་བཏང་གི་དབང་ལུ་བཏང་པ་ཅིན་ འགོག་པ་ཟེར་མི་འདི་ བྲལ་བ་ལུ་གོ་ནི་ཨིན། བྲལ་ཟེར་མི་འདི་ གཞི་གཅིག་ལས་གཅིག་སོ་སོ་སྦེ་ཁ་བྲལ་འགྱོ་མི་ཅིག་ལུ་གོ་ནི་ཨིན། ད་ལྟོ་སྐབས་སུ་བབས་པའི་བྲལ་ལམ་འགོག་པ་ཟེར་མི་འདི་ འཁོར་བའི་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་བདེན་པ་ཨིནམ་ཤེས་བཞིནམ་ལས་ ཀུན་འབྱུང་ཉོན་མོངས་པ་དང་ ཤེས་བྱའི་སྒྲིབ་པ་ཚུ་ཡོངས་རྫོགས་ རྩ་བ་ལས་སྤངས་ཏེ་ འཁོར་བའི་སྡུག་བསྔལ་ལས་བྲལ་མི་ཅིག་ལུ་གོ་དགོཔ་ཨིན། གལ་སྲིད་ཤེས་སྒྲིབ་དང་ ཉོན་སྒྲིབ་གཉིས་རྩ་བ་ལས་སྤངས་ཚར་བ་ཅིན་ སྡུག་བསྔལ་ལས་འབྲལ་ནི་འདི་ངེས་ཏིག་ཨིན་པ་ལུ་བརྟེན་ འདི་ལུ་འགོག་པའི་བདེན་པ་ཟེར་སླབ་ཨིན། ཧེ་མ་སངས་རྒྱས་ཀྱིས་ ཆོས་འཁོར་དང་པ་ བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་སྐབས་གསུངས་ཡོད་བཞིན་ སྡུག་འདི་ཤེས་བྱའི་ཡུལ་དང་། ཀུན་འབྱུང་འདི་ སྤང་བྱ། འགོག་བདེན་འདི་ མངོན་གྱུར་གྱི་ཆོས། ལམ་བདེན་འདི་ བསྟེན་བྱའི་ཆོས་ཨིནམ་ལས་ སྡུག་བསྔལ་ཤེས་ཚར་ཞིནམ་ལས་ སྡུག་བསྔལ་ཀུན་འབྱུང་ལས་འབྱུངམ་ཨིནམ་ཤེས་ཏེ་ ཀུན་འབྱུང་ ལམ་བདེན་ལ་བསྟེན་ནས་སྤངས་པ་ལུ་བརྟེན་ འགོག་པ་རང་རྒྱུད་ལུ་འཐོབ་ནི་མ་གཏོགས་ སྡུག་མ་ཤེས་ ཀུན་འབྱུང་མ་སྤངས་ ལམ་མ་བསྟེན་པར་འགོག་པ་འཐོབ་ཐབས་མེདཔ་ཨིན། དཔེར་ན། ནད་ཐོབ་པའི་མི་གཅིག་གིས་ སྨན་དང་ སྨན་པ་མཁས་མཆོག་ཚུ་ལུ་མ་བསྟེན་པར་ ནད་གཞི་འདི་དྲག་མ་བཏུབ་དོ་བཟུམ་ཨིན། འགོག་པ་འདི་ རང་རྒྱུད་ལུ་ཐོབ་པའི་དུས་འདི་ལུ་ར་ རང་གི་གནས་དང་མིང་ཐམས་ཅད་སོར་འགྱོཝ་ཨིན། སོ་སོ་སྐྱེ་བོའི་ས་ལུ་སྡོདཔ་ད་ སེམས་ཟེར་སླབ་མི་འདི་ འགོག་པ་ཐོབ་ཅིག་ར་ སེམས་ཟེར་མི་འདི་ ཡེ་ཤེས་ལུ་གནས་སོར་འགྱོཝ་མ་ཚད་ གཟུགས་ལུ་ཡང་ ངོ་བོ་ཉིད་སྐུ་ཟེར་སོར་འགྱོཝ་ཨིན། དེ་མ་ཚད་ རང་རྒྱུད་ལུ་ སྤངས་རྟོགས་ཕུན་སུམ་ཚོགས་པ་ལུ་བརྟེན་ རང་གི་མིང་ལུ་ སངས་རྒྱས་ཡང་ན་ཐམས་ཅད་མཁྱེན་པ་ཟེར་སོར་འགྱོཝ་ཨིན།

སངས་རྒྱས་ཀྱི་ས་ཐོབ་པའི་བསྒང་ལས་ རང་གི་རྒྱུད་ལུ་ སྟོབས་བཅུ་གི་ཡོན་ཏན་མཐའ་དག་ཐོབ་འགྱོཝ་ཨིན། སྟོབས་བཅུ་ཟེར་མི་འདི་ ༡. གནས་དང་གནས་མིན་མཁྱེན་པའི་སྟོབས། ༢. ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། ༣. མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ༤. ཁམས་སྣ་ཚོགས་མཁྱེན་པའི་སྟོབས། ༥. དབང་པོ་མཆོག་དམན་མཁྱེན་པའི་སྟོབས། ༦. ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། ༧. བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་ཚུ་མཁྱེན་པའི་སྟོབས། ༨. སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། ༩. འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། ༡༠. ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་བཅུ་ཐམ་ལུ་གོཝ་ཨིན།

ལམ་གྱི་བདེན་པའི་སྐོར། ཞུན་དག།

ལམ་བདེན་གྱི་ངོ་སྤྲོད། མི་ལོ་གསུམ་སྟོང་ལྔ་བརྒྱ་གི་ཧེ་མ་ བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་ ཡུལ་རྡོ་རྗེ་གདན་ བྱང་ཆུབ་ཤིང་གི་རྩ་བར་སངས་རྒྱས་ཀྱི་ས་ལུ་གཤེགས་ཡོད་རུང་ ཞག་བདུན་ཕྲག་བདུན་གྱི་རིང་ལུ་ཆོས་མ་གསུངས་པར་བཞུགས་ཡོདཔ་ཨིན། ཨིན་རུང་ ལྷ་ཚངས་པ་དང་ བརྒྱ་སྦྱིན་ལ་སོགས་པ་གིས་ འབུལ་བ་གསེར་དངུལ་ནོར་སོགས་ཕུལ་ཐོག་ལས་ སངས་རྒྱས་ལུ་ ཆོས་འཁོར་བསྐོར་དགོ་པར་གསོལ་བ་བཏབ་པ་ལུ་བརྟེན་ སྟོན་པ་བཅོམ་ལྡན་འདས་ཀྱིས་ཡང་ གསོལ་བ་བཏབ་པ་པོ་རྣམས་ཀྱི་ངོ་བོ་ལུ་ རང་ཟླ་ ༦ པའི་ཚེས་ ༤ ལུ་ཆོས་འཁོར་བསྐོར་ནི་ཨིན་པར་ངོས་ལན་མཛད་གནང་ནུག། དེ་ཡང་ ཆོས་འཁོར་དང་ བདེན་པ་བཞིའི་ཆོས་འཁོར་ལས་ཙམ་ཏེ་ མཚན་ཉིད་མེད་པའི་ཆོས་འཁོར་དང་ ཆོས་འཁོར་མཐའ་མ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ་ གཙོ་བོ་ཆོས་འཁོར་གསུམ་སྦེ་བསྐོར་བར་མཛད་ཡོདཔ་ཨིན། ལམ་གྱི་བདེན་པ་འདི་ ཆོས་འཁོར་ཆེན་པོ་གསུམ་གྱི་ནང་ལས་ ཆོས་འཁོར་དང་པ་ བདེན་པ་བཞིའི་ཆོས་འཁོར་གྱི་སྐབས་ལུ་གསུངས་ཡོདཔ་ཨིན། འཁོར་བ་འདི་ སྡུག་བསྔལ་གྱི་རང་བཞིན་ཨིན་པ་ལུ་ ཨིན་པར་ཤེས་ཞིནམ་ལས་ སྡུག་བསྔལ་བྱུང་བའི་རྒྱུ་ཀུན་འབྱུང་སྤངས་ཐབས་ལུ་ ལམ་བདེན་འདི་ལུ་ངེས་པར་བསྟེན་དགོཔ་ཨིན། ལམ་བདེན་འདི་ དྲན་པ་དང་ཤེས་བཞིན་གྱི་ཐོག་ལས་བསྟེན་པ་ཅིན་ ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱི་ས་ཐོབ་པ་ལུ་ དོགས་པ་ཙ་ལས་མེད། སྤྱིར་བཏང་ལམ་ཟེར་མི་འདི་ འགྱོ་སའི་ལམ་ཅིག་ལུ་གོ་ནི་ཨིན་རུང་ ད་ལྟོའི་ལམ་བདེན་འདི་ འགྲོ་བ་ཀུན་གྱི་བསྟེན་དགོ་པའི་སྤང་བྱ་དང་བླང་བྱ་གཉིས་ཀ་དང་ལྡན་པའི་ལམ་ ཐེག་པ་ཐམས་ཅད་ཐུན་མོང་ཨིན་པ་ཅིག་ལུ་གོ་ནི་ཨིན། སྤྱིར་བཏང་ སྒྲ་བཤད་ཀྱི་སྒོ་ལས་ལམ་ལུ་ ཟག་བཅས་ཀྱི་ལམ་དང་ ཟག་མེད་ཀྱི་ལམ་སྟེ་ གཉིས་ལུ་དབྱེ་བ་ཕྱེ་ནི་ཡོད་རུང་ ཟག་བཅས་འཇིག་རྟེན་གྱི་ལམ་འདི་ སྡུག་བསྔལ་དང་ ཀུན་འབྱུང་བདེན་པ་གི་ནང་ལུ་བསྡུ་ནི་འདི་གིས་ ལམ་ཙམ་མ་གཏོགས་ལམ་བདེན་ངོ་མ་མེན། ད་ལྟོ་ སྐབས་སུ་བབས་པ་ཟག་མེད་ཀྱི་ལམ་བདེན་བཤད་ནི་ཨིན་མི་འདི་ ཟག་བཅས་ཀྱི་ལས་ཟད་ནིའི་གཉེན་པོ་དང་ རང་ཉིད་འབྲས་བུ་སངས་རྒྱས་ཀྱི་ས་འཐོབ་ནི་གི་བསྟེན་བྱའི་རྒྱུ་ཨིན་ནི་འདི་གིས་དང་ བྱང་སེམས་འཕགས་པ་ཚུ་གིས་ ལམ་བདེན་འདི་ཉིད་ ནད་གཞི་དྲག་ཐབས་ཀྱི་དོན་ལུ་ འཇིག་རྟེན་དང་འགྲོ་བ་ཐམས་ཅད་ཀྱིས་བསྟེན་པའི་སྨན་བཟུམ་ ལམ་བདེན་འདི་ཡང་བསྟེན་དགོ་ནི་འདི་གིས་ ལམ་བདེན་ངོ་མ་འདི་ ཟག་མེད་ལམ་བདེན་ལུ་གོ་དགོཔ་ཨིན། ནང་པ་སངས་རྒྱས་པའི་ལུགས་ལུ་ སངས་རྒྱས་ཀྱི་ས་འཐོབ་ནི་གི་དོན་ལུ་ ལམ་རིམ་གཙོ་བོ་ལྔ་ལུ་བསྟེན་དགོཔ་དང་ དེ་ཡང་ ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་ཏེ་ ལམ་ལྔ་ལུ་བསྟེན་དགོ། དེ་ཚུ་གི་ནང་ལས་ ལམ་དང་པོ་ ཚོགས་ལམ་དང་ གཉིས་པ་སྦྱོར་ལམ་གཉིས་འདི་ སོ་སོ་སྐྱེ་བོའི་ས་ནང་སྡོདཔ་ད་བསྟེན་བྱའི་ལམ་དང་ ལམ་གསུམ་པ་མཐོང་ལམ་དང་ བཞི་པ་སྒོམ་ལམ་ དེ་ལས་ལམ་ལྔ་པ་མི་སློབ་པའི་ལམ་གསུམ་འདི་ འཕགས་པའི་ལམ་ཨིནམ་སྦེ་ཆ་བཞགཔ་ཨིན་རུང་ ལམ་མཐའ་མ་མི་སློབ་པའི་ལམ་འདི་ འབྲས་བུ་སངས་རྒྱས་སའམ་ འཕགས་པའི་ས་མཐའ་མ་ས་བཅུ་པ་ཆོས་ཀྱི་སྤྲིན་རྫོགསཔ་ད་གི་ དེ་མ་ཐག་ཏུ་བསྟེན་བྱའི་ལམ་ཨིནམ་ལས་ སངས་རྒྱས་ཀྱི་ལམ་སྦེ་ཡང་ བཞག་དགོཔ་ཨིནམ་སྦེ་བཤད་སྲོལ་འདུག། ལམ་ལྔ་པོ་རྒྱས་པར་བཤད་ན།

དང་པ་ ཚོགས་ལམ་ནི། ཚོགས་ལམ་ཟེར་མི་འདི་སོ་སོ་སྐྱེ་བོའི་ལམ་ཅིག་ཨིན་ནི་འདི་གིས་ སོ་སོ་སྐྱེ་བོའི་རྒྱུད་ལུ་བྱང་ཆུབ་ཀྱི་སེམས་བསྐྱེད་མི་གི་དུས་ཚོད་ལས་འགོ་བཟུང་ སྦྱོར་ལམ་དྲོད་ལ་སོགས་པ་རང་གི་རྒྱུད་ལུ་མ་བསྐྱེད་བར་དུ་བསྟེན་དགོ་པའི་ ཚོགས་རྒྱ་ཆེན་པོ་བསགས་པའི་ལམ་ཅིག་ལུ་གོཝ་ཨིན། དེའི་སྐབས་ལུ་ དྲན་པ་ཉེར་བཞག་བཞི། ཡང་དག་སྤངས་བ་བཞི། རྫུ་འཕྲུལ་རྐང་པ་བཞི་སོགས་སྒོམས་པ་ལས་ སྤང་བྱ་རགས་པ་ཚུ་ རྣམ་པ་སུན་འབྱིན་གྱི་ཚུལ་གྱིས་སྤང་པ་ལས་ མངོན་ཤེས་དང་ ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་ཡོན་ཏན་ཚུ་ ཐོབ་པའི་ལམ་ཅིག་ཨིན། དེ་ཡང་ གྲུབ་མཐའ་མཛོད་ལས་། སངས་རྒྱས་ཐོབ་བྱེད་ཀྱི་དགེ་བ་ལས་དང་པོ་པས་བསྡུས་པ་གང་ཞིག་ཐེག་ཆེན་གྱི་དྲོད་སོགས་ངེས་འབྱེད་ཆ་མཐུན་གྱི་སྐད་ཅིག་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པའོ།། ཞེས་གསུངས་སོ། དེ་ལུ་དབྱེ་ན་ ཚོགས་ལམ་ཆུང་ངུ་། ཚོགས་ལམ་འབྲིང་། ཚོགས་ལམ་ཆེན་པོ་ཟེར་གསུམ་ཡོད།

གཉིས་པ་སྦྱོར་ལམ། དེ་ཡང་ ཐེག་ཆེན་གྱི་མཐོང་ལམ་གྱི་རྣམ་པ་ལུ་ རྣམ་རྟོག་ག་ནི་ཡང་མེད་པའི་ཐོག་ལས་ ཡིད་ཤེས་ཀྱིས་མཐོང་ནི་གི་དོན་ལུ་ དྲོད་རྩེ་མོ་སོགས་ལུ་ དུས་རྟག་བུ་ སྦྱོར་ནི་འདི་གིས་ སྦྱོར་ལམ་ཟེར་སླབ་ཨིན། གྲུབ་མཐའ་མཛོད་ལས། ཐེག་ཆེན་གྱི་ཚོགས་ལམ་རྫོགས་པའི་རྗེས་ལ་བྱུང་ཞིང་ཐེག་ཆེན་གྱི་རྟོགས་པ་གང་ཞིག་ཐེག་པ་ཆེན་པོའི་མཐོང་ལམ་སྐད་ཅིག་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པའོ།། ཟེར་གསུངས་ཡོད་དོ་བཟུམ་ སྦྱོར་ལམ་ཟེར་མི་འདི་ ཚོགས་ལམ་གྱི་སྐབས་ལུ་ ཚོགས་རྒྱ་ཆེན་པོ་བསགས་པའི་ཤུལ་ལུ་ སྒོམ་བྱུང་ཤེས་རབ་ཀྱིས་གཟུང་བ་རང་བཞིན་གྱིས་མེད་པར་ བདེན་པའི་དོན་མངོན་པར་རྟོགས་པའི་ལམ་ཨིན་པ་མ་ཚད་ བསྒོམ་ལམ་རང་རྒྱུད་ལ་བསྐྱེད་པའི་རྒྱུར་གྱུར་པའི་ལམ་ལུ་གོཝ་ཨིན། དེའི་སྐབས་ལུ་ དབང་པོ་ལྔ་དང་ སྟོབས་ལྔ་སྒོམ་པ་ལས་ སྤང་བྱ་ཀུན་བཏགས་ཚུ་ གནོན་པའི་ཚུལ་གྱིས་སྤངས་པ་ལས་བརྟེན་ ཏིང་ངེ་འཛིན་དང་ གཟུངས་ མངོན་ཤེས་ལ་སོགས་པའི་ཡོན་ཏན་ཚུ་རང་རྒྱུད་ལུ་ཐོབ་ཨིན། དེ་ལུ་དབྱེ་བ་ སྦྱོར་ལམ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་ཟེར་བཞི་ཡོད།

གསུམ་པ་ མཐོང་ལམ། དེ་ཡང་ འཇིག་རྟེན་ལས་འདས་པའི་ཡོན་ཏན་ ཡེ་ཤེས་ཀྱིས་དངོས་སུ་མཐོང་བ་ལས་བརྟེན་ མཐོང་ལམ་ཟེར་གོ་ནི་དང་ ཡང་ གྲུབ་མཐའ་མཛོད་ལས། ཐེག་ཆེན་མཐོང་ལམ་རྫོགས་པའི་རྗེས་ལ་བྱུང་ཞིང་ཐེག་ཆེན་གྱི་རྟོགས་པ་གང་ཞིག་ཐེག་ཆེན་མི་སློབ་ལམ་སྐད་ཅིག་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པའོ།། ཟེར་གསུངས་ཡོད་དོ་བཟུམ་སྦེ་ མཐོང་ལམ་ཟེར་མི་འདི་ སྦྱོར་ལམ་དྲོད་སོགས་རིམ་གྱིས་བསྟེན་པ་ལས་ འཇིག་རྟེན་ལས་འདས་པའི་ཡོན་ཏན་ ཇི་ལྟ་བའི་བདག་མེད་དངོས་སུ་སྦེ་རྟོགས་པ་མ་ཚད་ ཇི་སྙེད་པའི་དོན་ཅི་རིགས་སུ་རྟོགས་ཏེ་ སྒོམ་ལམ་རང་རྒྱུད་ལུ་བསྐྱེད་པའི་རྒྱུར་གྱུར་པའི་ལམ་ཅིག་ལུ་གོ་ནི་ཨིན། མཐོང་ལམ་གྱི་སྐབས་ལུ་ བདག་མེད་ཀྱི་དོན་དངོས་སུ་སྦེ་མཐོངམ་མ་ཚད་ བྱང་ཆུབ་འཕགས་པའི་ཡན་ལག་བདུན་རང་རྒྱུད་ལ་སྒོམས་པ་ལས་བརྟེན་ སྤངས་བྱ་ཉོན་མོངས་པ་ཚུ་རྩ་བ་ལས་སྤངས་ཏེ་ ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་ཨིན། དེ་ལུ་དབྱེ་བ་ མཉམ་བཞག་དང་རྗེས་ཐོབ་ཟེར་གཙོ་བོའི་དབྱེ་བ་གཉིས་ཡོད་རུང་ མཐོང་ལམ་སྐད་ཅིག་བཅུ་དྲུག་ཟེར་ཡང་བཤད་སྲོལ་ཡོདཔ་ཨིན།

བཞི་པ་སྒོམ་ལམ་ནི། སྔར་མཐོང་ལམ་གྱི་སྐབས་ལུ་ མཐོང་ཡོད་པའི་བདག་མེད་ཀྱི་དོན་འདི་དང་ དོན་གཞན་ཚུ་རང་རྒྱུད་ལུ་གོམས་པར་བྱེད་པའི་ལམ་ཨིན་ནི་འདི་གིས་ སྒོམ་ལམ་ཟེར་སླབ་ཨིན། ཡང་ བདག་མེད་རྟོགས་པའི་ཤེས་རབ་འདི་ རྒྱུན་མ་ཆད་པར་ཟག་མེད་ཀྱི་ཡོན་ཏན་ཁྱད་པར་ཅན་ཚུ་ བརྗེད་མ་བཅུག་པར་སྒོམ་པའི་དགེ་བ་ ཐེག་ཆེན་གྱི་མི་སློབ་ལམ་གྱི་སྐད་ཅིག་དང་པོ་ཤེས་རྒྱུད་ལུ་བསྐྱེད་པར་བྱེད་པའི་རྒྱུར་གྱུར་པའི་ལམ་ལུ་གོཝ་ཨིན། འདི་ལུ་དབྱེ་བ་མཐོང་ལམ་བཟུམ་སྦེ་ར་ མཉམ་བཞག་དང་རྗེས་ཐོབ་ཟེར་གཉིས་ཡོདཔ་ཨིན་རུང་ བཤད་སྲོལ་ཅིག་ལས་ སྒོམ་ལམ་སྐོར་དགུ་ཟེར་ཡང་བརྩི་སྲོལ་ཡོདཔ་ཨིན། སྒོམ་ལམ་འདི་ ས་གཉིས་པ་ལས་ ས་བཅུ་པའི་བར་གྱི་བྱང་སེམས་འཕགས་པ་ཚུ་གིས་བསྟེན་ནི་མ་གཏོགས་ ས་དང་པོ་མན་ཆད་ནང་བསྟེན་རུང་བའི་ལམ་མེན། ལམ་འདིའི་སྐབས་ལུ་ ཉོན་མོངས་པའི་སྒྲིབ་པ་དང་ ཤེས་སྒྲིབ་ལྷན་སྐྱེས་ཚུ་སྤངམ་ཨིན།

ལྔ་པ་ མི་སློབ་པའི་ལམ་ནི། མི་སློབ་པའི་ལམ་ཟེར་མི་འདི་ ཐེག་ཆེན་གྱི་ལམ་མཐར་ཕྱིན་པའི་དགེ་བ་ལུ་གོ་ནི་དང་ འདི་ལུ་མཐར་ཕྱིན་པའི་ལམ་ཟེར་ཡང་སླབ་སྲོལ་ཡོད། ཡང་ གྲུབ་མཐའ་མཛོད་ལས། ཐེག་ཆེན་གྱི་སྤངས་རྟོགས་མཐར་ཕྱིན་པའི་དགེ་བའོ།། ཟེར་གསུངས་ཡོད་དོ་བཟུམ་ཨིན། དེའི་སྐབས་རང་གི་གནས་འགྱུར་འགྱོཝ་མ་ཚད་ དེའི་ཚེ་ངོ་བོ་ཉིད་སྐུ་དང་ ཡེ་ཤེས་ཆོས་སྐུ་གཉིས་རང་བཞིན་གྱི་རང་རྒྱུད་ལུ་སྐྱེ་འགྱོཝ་ཨིན། དེ་ལུ་དབྱེ་བ་ ཟག་མེད་ཀྱི་ཆོས་ཉེར་གཅིག་ཡོད།

བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་གི་མཛད་པ་དང་པོ་ དགའ་ལྡན་གནས་ལས་འཕོ་བའི་མཛད་པའི་སྐོར། ཞུན་དག།

བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་ བསྐལ་པ་གྲངས་མེད་གསུམ་གྱི་རིང་ལུ་ དཀའ་སྤྱོད་ཆེན་པོ་དང་དུ་ལེན་ཏེ་ དག་པ་ས་གསུམ་དང་མ་དག་ས་བདུན་ དེ་ལས་ འཛམ་གླིང་ས་སྟེང་བཅས་ ཡུལ་བ་འདྲཝ་གསུམ་ནང་ སངས་རྒྱས་ཚུལ་སྟོན་ཏེ་ མཐའ་མ་འཛམ་གླིང་ནང་ལུ་ སངས་རྒྱས་ཚུལ་སྟོན་པར་འབྱོན་པའི་སྐབས་ལུ་ མཛད་པ་བཅུ་གཉིས་ཀྱི་ཐོག་ལས་སྟོན་གནང་སྟེ་ཡོདཔ་ཨིན། དེའི་ནང་ལས་ དགའ་ལྡན་གནས་ལས་འཕོ་བའི་མཛད་པ།

ཧེ་མ་ སངས་རྒྱས་མར་མེ་མཛད་ཀྱིས་ལུང་བསྟན་མི་ལྟར་དུ་ བདག་ཅག་གི་སྟོན་པ་མཆོག་ བྱང་ཆུབ་སེམས་དཔའ་ དམ་པ་ཏོག་དཀར་གྱི་ལུས་ལུ་སྐྱེ་བ་བཞེས་ཏེ་ སངས་རྒྱས་འོད་སྲུང་གི་རྒྱལ་ཚབ་སྦེ་བཞུགས་ས་ལས་ ལུང་བསྟན་དུས་ལུ་བབས་ཏེ་ མིའི་ལུས་ལུ་ སངས་རྒྱས་ཚུལ་སྟོན་པར་ མི་ཡུལ་འཛམ་བུ་གླིང་ལུ་བྱོན་ནུག། རྒྱལ་ཚབ་མཆོག་གིས་ ངོ་མཚར་བའི་གླིང་སེར་སྐྱའི་གྲོང་ཁྱེར་དང་ ངོ་མཚར་བའི་རིགས་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ཤཱཀྱའི་རིགས་ལུ་གཟིགས་ཡོདཔ་དང་། རིགས་འདི་ ཧེ་མ་བོད་ཡུལ་ལུ་ རྒྱལཔོ་གཉའ་ཁྲི་བཙན་པོའི་གདུང་རབས་ལས་ རྒྱལཔོ་འཕགས་སྐྱེས་བུ་ཟེར་མི་ཅིག་བྱོན་མི་འདི་ལུ་ སྲས་སྲསམོ་ལེ་ཤ་ཡོདཔ་ཨིན་རུང་ རྒྱལཔོ་འདི་གིས་ བཙུནམོ་གསརཔ་ཅིག་བཞེས་ཏེ་ སྲས་དང་སྲསམོ་ལེ་ཤ་ར་བྱུང་ནུག།

སྲས་དང་སྲསམོ་ཚུ་གི་ནང་ལས་ སྦོམ་ཤོས་ར་ རྐང་གདུབ་ཅན་ཟེར་མི་འདི་ཨིན་རུང་ རྒྱལ་སྲིད་འདི་ བཙུནམོ་གསརཔ་གི་སྲས་ དགའ་བའི་རྩིབས་ཟེར་མི་འདི་ལུ་སྤྲོད་ནི་འདི་གིས་ སྲས་རྐང་གདུབ་ཅན་འདི་ རང་གི་ཡབ་ལུ་ཐུགས་ཕམ་སྟེ་ རང་གི་མ་གཅིག་གི་སྤུན་ཆ་ཚུ་ཁྱིད་དེ་ རྒྱལ་སྲིད་སྤངས་ཏེ་ ལྷོ་ཕྱོགས་ཁ་ཐུག་ལུ་བྱོན་སོ་ནུག།

ལྷོ་ཕྱོགས་ལུ་ཕེབས་ད་ སྤུན་ཆ་ནང་རྡོག་ཕན་ཚུན་བཟའ་ཚང་སྐྱོང་ཚུགསཔ་སྦེ་འབད་ནི་འདི་གིས་ རིགས་ཀྱི་མིང་ལུ་ཡང་ ཤཱཀྱའི་རིགས་ཟེར་དར་ཁྱབ་ཡར་སོ་ནུག། དེ་ལུ་ སངས་རྒྱས་ཀྱིས་ རིགས་མཆོག་ཏུ་གྱུར་པ་ཅིག་སྦེ་གཟིགས་ཏེ་ རིགས་རྒྱལ་རིགས། ཡུལ་རྒྱ་གར་སེར་སྐྱའི་གྲོངས། རུས་བུ་རམ་ཤིང་པ་ཤཱཀྱའི་རྒྱུད། ཡུམ་སྒྱུ་མ་ལྷ་མཛེས་དང། དུས་སྙིགས་མའི་ལྔ་བདོའི་དུས་བཅས་ ངོ་མཚར་བའི་གཟིགས་པ་རྣམ་པ་ལྔ་ལུ་གཟིགས་ཏེ་ འགྲོ་བའི་དོན་མཛད་པར་ འཛམ་བུ་གླིང་ནང་བྱོན་གནང་ནུག་གོ།

ཡུམ་གྱི་ལྷུམ་སུ་བཞུགས་པའི་མཛད་པ། ཞུན་དག།

དེ་ཡང་ གཟིགས་ཚུལ་རྣམ་པ་ལྔའི་ཐོག་ལས་གཟིགས་ཡོད་མི་ཚུ་ལས་ དང་པ་དུས་ལུ་གཟིགས་ཚུལ་འདི་ཡང་ རྒྱལ་བ་རིན་ཆེན་སྙིང་པོའི་འདུན་དུ་ བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ ཚེ་ལོ་བརྒྱ་པའི་དུས་ལུ་རྒྱལ་བའི་མཛད་པ་སྟོན་ནིའི་དམ་བཅའ་ཞུ་སྟེ་ སངས་རྒྱས་མར་མེ་མཛད་ལས་འོད་སྲུང་ཚུན་ཚོད་ཀྱི་བར་ན་ རྒྱལ་བ་རྣམས་ཀྱིས་ ལུང་བསྟན་ཡོད་དོ་བཟུམ་སྦེ་ སྐྱེས་བུ་དམ་པ་ཏོག་དཀར་པོ་གིས་ དགོས་དོན་འདི་ཐུགས་ཁར་དྲན་ཏེ་ ཕྱོགས་བཅུ་ནང་བཞུགས་པའི་རྒྱལ་བ་རྣམས་ཀྱིས་ཡང་ ལོག་ཅི་ལོག་ཅི་ར་བརྒྱུད་སྐུལ་མཛད་ཡོདཔ་ལས་ འཛམ་བུ་གླིང་འདི་ནང་བྱོན་པའི་དུས་ཡང་ སྙིགས་མ་ལྔ་བདོའི་དུས་ལུ་བབས་ཡོདཔ་སྦེ་གཟིགས་ནུག། གཉིས་པ་ ཡུལ་ལུ་གཟིགས་ཚུལ་འདི་ཡང་་ སངས་རྒྱས་འཇིག་རྟེན་ལུ་བྱོན་མི་འདི་ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་རྐྱངམ་གཅིག་ཨིན་མས། གདུལ་བྱ་ཚུ་ནང་ལས་ གཙོ་བོ་ལྷ་དང་མི་གཉིས་ཨིནམ་ལས་ ལྷའི་ཡུལ་དང་མིའི་ཡུལ་གཉིས་ནང་ལས་ཡང་མིའི་ཡུལ། གླིང་བཞི་ཡོད་པའི་ནང་ལས་ འཛམ་བུ་གླིང་ནང་ཨིནམ་དང་། འཛམ་བུ་གླིང་འདི་ནང་ལས་ཡང་ ཤར་ཕྱོགས་རྒྱ་གར་འཕགས་པའི་ཡུལ་ལུ་ སངས་རྒྱས་ནི་ལུ་གཟིགས་ཏེ་བྱོན་གནང་ནུག།

གསུམ་པ་ རིགས་ལུ་གཟིགས་ཚུལ་ནི། འཛམ་གླིང་འདི་ནང་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ བླམ་མཁས་པ་དང་ སྤྲུལ་སྐུ་བྱོན་རེ་བྱོན་ཚེ་གཅིགཔོ་ རྒྱལ་པོའི་རིགས་དང་བྲམ་ཟེ་གི་རིགས་ལས་ འཁྲུངས་འཁྲུངསམ་མ་གཏོགས་རིགས་སོ་སོ་ལས་འཁྲུངས་ཡོདཔ་སྦེ་འཐོན་ནི་མེདཔ་ཨིན། འདི་ཡང་ མིའི་རིགས་ལུ་མ་འདྲཝ་མང་རབས་ཅིག་ཡོད་རུང་ དྲི་མ་གི་མི་གཙང་བ་མེདཔ་ རིགས་ག་བ་ཡང་གཙང་ཤོས་འདི་ རྒྱལ་རིགས་དང་བྲམ་ཟེ་གི་རིགས་གཉིས་ལས་བརྒལ་མེད་ནི་འདི་གིས་ཨིན་མས། བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཡང་ རྒྱལ་པོའི་རིགས་ལས་འཁྲུངས་ཡོདཔ་དང་། འདིའི་ནང་ལས་ཡང་ རྒྱལ་རིགས་ལས་ག་བ་ཡང་གཙང་ཤོས་ རྒྱལ་པོ་ཟས་གཙང་གི་རིགས་ལུ་བྱོན་ནུག། དེ་སྦེ་ དྲིན་ཅན་གོང་མ་ སངས་རྒྱས་དང་སྤྲུལ་སྐུ་ཚུ་གིས་ རིགས་གཙང་མ་ལུ་གཟིགས་དགོ་མི་འདི་ སངས་རྒྱས་དང་སྤྲུལ་སྐུ་ཚུ་ འཛམ་གླིང་ནང་འབྱོན་དགོ་མི་འདི་གཙོ་བོ་ གདུལ་བྱ་སེམས་ཅན་ཚུ་གི་དོན་ལུ་འབྱོན་དོ་ཡོདཔ་ལས་ གལ་སྲིད་ སངས་རྒྱས་དང་སྤྲུལ་སྐུ་ཚུ་ རིགས་ཐ་མལ་པ་ལས་འབྱོན་མི་ཅིག་ཨིན་པ་ཅིན་ གདུལ་བྱ་སེམས་ཅན་ཚུ་གིས་ཞན་པ་ལོག་སྟེ་ གདུལ་བྱ་བཏུལ་མི་ཚུགས་ནི་ཨིནམ་ལས་བརྟེན་ཏེ་ཨིན་མས།

བཞི་པ་ རུས་ལུ་གཟིགས་ཚུལ་འདི་ཡང་ བཤད་ཟིན་གདུང་བརྒྱུད་ལས་ཨིན་མི་ཡབ་རྒྱལ་པོ་ཟས་གཙང་དང་ ལྷའི་རིགས་ལས་ཨིན་མིཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་རུས་རྒྱུན་ལུ་གཟིགས་ཏེ་ བྱོན་ཡོདཔ་ཨིན་མས།

ལྔ་པ་ ཡུམ་ལུ་གཟིགས་པ་འདི་ཡང་ ཡར་ལྟག་ལུ་བཤད་ཡོད་དོ་བཟུམ་སྦེ་ར་ ལྷའི་རིགས་ཀྱི་ནང་ལས་ རིགས་གཙང་ཞིང་དྲི་མ་མེད་པ་ ལྷའི་རིགས་ཅིག་ལས་འཁྲུངས་མི་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྲས་ལུ་སྐུ་འཁྲུངས་ནུག།

སྐུ་བལྟམས་པའི་མཛད་པ། ཞུན་དག།

སྟོན་པ་ཤཱཀྱ་ཐུབ་མཆོག་ དགའ་ལྡན་གྱི་གནས་ལས་ ལྷའི་བུ་དམ་པ་ཏོག་དཀར་པོ་ཟེར་ཞུ་མི་འདི་གི་སྐྱེ་བ་བཞེས་ཏེ་ ལྷ་ཚུ་ལུ་ ཆོས་སྟོན་ཏེ་བཞུགས་པའི་བར་ན་ མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུ་གླིང་ནང་འབྱོན་ནི་གི་དུས་ལུ་འབབ་ཨིནམ་མཁྱེན་ཏེ་ སྐུ་ཚབ་རྗེ་བཙུན་བྱམས་པ་མགོན་པོ་བཀལ་ཞིནམ་ལས་ དགའ་ལྡན་གྱི་གནས་ལས་བྱོན་ནུག།

དེ་བསྒང་ འཛམ་བུ་གླིང་གི་གྲོང་ཁྱེར་ སེར་སྐྱའི་རྒྱལ་པོ་ཟས་གཙང་གྱི་བཙུནམོ་ སྒྱུ་འཕྲུལ་ལྷ་མོ་མཆོག་གསོ་སྦྱོང་ལུ་བཞུགས་པའི་ཕྱི་རུ་གཉིད་ལམ་ནང་ མཆོད་པའི་སྒྲ་དང་གཅིག་ཁར་ གླངམོ་ཆེ་ཐལ་ཁ་ མཆེཝ་དྲུག་འབད་མི་གཅིག་ མོ་གི་མཆན་ལོགས་གཡས་པ་ལས་སྦེ་ ཕོཝ་ནང་འཛུལ་བའི་གཉིད་ལམ་མཐོངམ་དང་གཅིག་ཁར་ སྟོན་པ་ཤཱཀྱ་ཐུབ་པ་འདི་ ཡུམ་གྱི་མངལ་ལུ་ཞུགས་ནུག། ངོ་མཚར་མཚན་མ་བྱེ་བ་སྙེད་དང་བཅས། །ལུམྦི་ནཱི་ཡི་ཚལ་དུ་དོན་གྲུབ་བལྟམས།། ཟེར་གསུངས་མི་དང་བསྟུན་ ས་ག་ཟླ་བའི་ཚེས་ ༡༥ གི་ཉིནམ་ལུ་ ལུམྦི་ཚལ་ཟེར་བའི་ལྡུམ་ར་ནང་སྐུ་འཁྲུངས་ནུག། དེ་ལས་ སྲས་འདི་འཁྲུངསམ་ཅིག་ ཡ་མཚན་ཆེ་ཏོག་ཏོ་སྦེ་ ཕྱོགས་བཞི་ལུ་གོམ་ཐེངས་བདུན་རེ་སྤོ་སྟེ་འབྱོནམ་ད་ གོམ་ག་ཏེ་སྤོ་སར་ མེ་ཏོག་པདྨ་ཚུ་ཤར་ཏེ་ གཞན་དང་མ་འདྲ་བའི་རྟགས་དང་མཚན་མ་བཟང་པོ་བྱུང་ནུག།

དེ་ལས་ ཡུམ་སྲས་འཁོར་དང་བཅསཔ་ གྲོང་ཁྱེར་སེར་སྐྱ་ལུ་ལོག་ཏེ་འབྱོནམ་ད་ ཡབ་ཁོ་ར་གིས་སྲས་ཀྱི་མཚན་ཡང་ དོན་ཀུན་གྲུབ་པ་ཟེར་གསོལ་ནུག། མཚན་དེ་སྦེ་གསོལ་དགོ་མི་འདི་ཡང་ ཡབ་ཟས་གཙང་ལུ་སྲས་མེད་པར་ ཐུགས་བརྡུངས་ཏེ་བཞུགས་པའི་སྐབས་ལུ་ སྲས་གཅིག་འཁྲུངསམ་ལས་ ཁོ་གི་བསམ་པའི་དོན་ག་ར་འགྲུབ་ནི་འདི་གིས་ཨིན་མས། དེ་ལས་ ཞག་བདུན་ལངམ་ད་ ཡུམ་གཤགས་སོ་ནུག། ཨིན་རུང་ ཡུམ་གྱི་ནུམོ་སྐྱེ་རྒུའི་བདག་མོ་ཟེར་མི་འདི་གིས་ ཡུམ་གྱི་སྐུ་ཚབ་མཛད་ཞིནམ་ལས་ རྒྱལ་སྲས་མཆོག་བདག་འཛིན་མཛད་གནང་ནུག།

སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྣམ། ཞུན་དག།

བཙུན་མོ་འཁོར་གྱིས་རོལ་བའི་མཛད་པ། ཞུན་དག།

རྒྱལ་སྲས་དོན་ཀུན་གྲུབ་པ་གིས་ ཡོན་ཏན་ལུ་མཁས་པའི་མཁས་ལུགས་དང་ སྒྱུ་རྩལ་ལུ་མཁས་པའི་མཁས་ལུགས་ཚུ་ འཇིག་རྟེན་པ་ཚུ་གི་མཐོང་སྣང་ལུ་སྟོན་པའི་ཤུལ་ལས་ རྒྱལ་སྲས་མཆོག་གིས་ ཁོ་རའི་ཡབ་ཀྱི་ཐུགས་མ་ཕམ་ཅིག་དང་ ཁོ་རའི་རེ་འདོད་གྲུབ་ཅིག་སྦེ་ ས་མཚོ་མ་དང་གྲགས་འཛིན་མ། རིགས་དྭགས་སྐྱེས་ཟེར་མི་བཙུནམོ་གསུམ་གྱི་འཁོར་དུ་ ཉི་ཁྲི་རེ་བརྩིས་ཏེ་ བཙུནམོ་བསྡོམས་དྲུག་ཁྲི་ཁབ་ཏུ་བཞེས་པའི་ཚུལ་སྟོན་ཏེ་ དོན་ཡོན་གྱི་ལོངས་སྤྱོད་ལུ་སྤྱད་དེ་ འཇིག་རྟེན་ཕལ་པའི་རྣམ་པ་སྟོན་གནངསྟེ་ རྒྱལ་སྲས་མཆོག་ དགུང་ལོ་ཉེར་དགུ་མ་ལངསམ་ཅིག་ཚུན་ རྒྱལ་སྲིད་སྐྱོང་སྟེ་བཞུགས་གནང་ནུག།

སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྣམ། ཞུན་དག།

གཞོན་ནུའི་རོལ་རྩེད་ཀྱི་མཛད་པ། ཞུན་དག།

དེ་ལས་ རྒྱལ་སྲས་དོན་གྲུབ་མཆོག་གིས་ སྐུ་ཡོན་གྱི་ཐུགས་ཚ་གྱང་སྦོམ་བཞེས་ཏེ་ རྒྱལ་སྲས་རང་དང་མཉམ་པའི་ཨ་ལུ་ཆ་རོགས་ཁྲི་དང་ ལྷག་པར་དུ་ གཞན་དང་མ་འདྲ་བའི་རིག་པ་ཅན་གྱི་ཨ་ལུ་ཚུ་དང་གཅིག་ཁར་ འབྲི་ལྷག་གི་ཡོན་ཏན་དང་ ཡིག་གཟུགས་འབྲི་ཐངས། དེའི་ནང་ལས་ཡང་ ཁྱད་པར་དུ་ ཡི་གུ་གསེར་གྱིས་འབྲི་ཐངས་ཚུ་ལྷབ་པར་ སློབ་དཔོན་ཀུན་གྱི་བཤེས་གཉེན་ཟེར་མི་ཅིག་བཞུགས་སར་བྱོན་ནུག། དེའི་ཚེ་ སློབ་དཔོན་ཀུན་གྱི་བཤེས་གཉེན་གྱིས་ དཔེ་ཆ་ག་ཅི་སྟོནམ་ཅིག་ ཡིག་གཟུགས་མ་འདྲཝ་ལྔ་བརྒྱ་ལྷག་ཙམ་སྟོན་གནང་རུང་ རྒྱལ་སྲས་དོན་གྲུབ་ཀྱིས་ སློབ་དཔོན་ལུ་ འདི་ང་གིས་ཤེས། སྟོན་ནི་ཡོད་པ་ཅིན་ ང་གིས་མ་ཤེས་མི་ སོ་སོ་ཅིག་སྟོན་ཟེར་གསུངམ་ད་ སློབ་དཔོན་འདི་གིས་ འཇིག་རྟེན་འདི་ནང་ ཡོན་ཏན་འདི་བ་ལྷགཔ་གཞན་མེད། འདི་ཚུ་ ཁྱེད་ཀྱིས་ཤེས་པ་ཅིན་ མཁས་པ་ཨིན་མས་ཟེར་གསུངས་ཡོདཔ་ཨིན་མས།
དེ་མ་ཚད་ རྒྱལ་སྲས་དོན་ཀུན་གྲུབ་པ་གིས་ སློབ་དཔོན་ཀུན་གྱི་བཤེས་གཉེན་གྱིས་ཡང་ གོ་མ་མྱོངས་མི་ ལྷ་རིགས་ཀྱི་ཡི་གུ་ ཞལ་ལས་སྐྱོརཝ་ད་ སློབ་དཔོན་ཡང་ རྣམ་རྟོག་ལངས་ཏེ་ ཁ་ལས་དོན་ཀུན་གྲུབ་པ་ཁྱེད་ལས་མཁས་པ་གཞན་ཡོད་ག་ཟེར་ཐོན་ཡར་སོ་ནུག།
འདི་བཟུམ་མའི་མཁས་པ་གི་རྟགས་ སློབ་དཔོན་གཅིག་གི་གདོང་ཁར་སྟོན་པའི་གཏམ་དང་སྙན་གྲགས་འདི་ འཇིག་རྟེན་འདི་ནང་མ་ཚད་ ལྷ་དང་ཀླུའི་ཡུལ་ལུ་ཡང་ཁྱབ་སོ་ནུག། དེ་ལས་ རྒྱལ་སྲས་དོན་ཀུན་གྲུབ་པ་གིས་ ཕོ་དཔའ་རྩལ་དང་ལྡན་པའི་མཉམ་རོགས་ཚུ་དང་གཅིག་ཁར་ མདའ་གི་འགྲན་བསྡུར་དང་མཆོང་ནི། དཔལ་རྟགས་ཀྱི་རིག་རྩལ་ལ་སོགས་པའི་སྒྱུ་རྩལ་གྱི་འགྲན་བསྡུར་ག་ཅི་ནང་ཡང་ རྒྱལ་ཁ་འཐོབ་མི་རྒྱལ་སྲས་དོན་གྲུབ་པ་མ་གཏོགས་ གཞན་མེད་ནི་འདི་གིས་ རིག་རྩལ་ཅན་གྱི་དཔའ་བོ་ཅིག་སྦེ་ ཆ་བཞག་ཚུགས་པའི་རྒྱལ་པོའི་སྲས་ཅིག་ཨིན་པས།

རབ་ཏུ་བྱུང་བའི་མཛད་པ། ཞུན་དག།

རྒ་ན་འཆི་དང་ཚངས་སྤྱོད་གཟིགས་སོགས་ཀྱིས། །ངེས་འབྱུང་རབ་ཏུ་བྱུང་ནས་ངུར་སྨྲིག་བཞེས།། ཟེར་གསུངས་མི་ལྟར་དུ་ དགུང་ལོ་ཉེར་དགུ་བཞེསཔ་ད་ གྲོང་ཁྱེར་གྱི་སྒོ་བཞི་ལས་ མི་རྒས་རྒསཔ་དང་ན་ནཝ། ཤི་ཤིཝ། ཆོས་འབད་མི་ཚུ་གཟིགས་ཏེ་ ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་ གླུ་དབྱངས་སིལ་སྙན་གྱི་སྒྲ་གིས་བསྐུལ་ཏེ་བྱིན་གྱིས་བརླབས་ཡོདཔ་མ་ཚད་ རྒྱལ་སྲིད་བཙུན་མོའི་འཁོར་རྣམས་ལུ་ སྐྱོ་བའི་ཚུལ་སྟོན་ཏེ་ ངེས་པར་འབྱུང་བའི་ཐུགས་འཁྲུངས་ནུག། དེ་ལས་ ཞག་བདུན་ལུ་ རབ་ཏུ་མ་བྱུངམ་བཟུམ་ཅིག་ཨིན་པ་ཅིན་ འཁོར་ལོ་བསྒྱུར་བའི་རྒྱལཔོ་ལུ་འགྱུར་འོང་ཟེར་བའི་ཡ་མཚན་ཅན་གྱི་ལུང་བསྟན་གསན་ནུག།
དེམ་ཅིག་གི་བར་ན་ རྒྱལ་སྲས་ཀྱི་ཐུགས་ལུ་ ཡར་གྱི་རྒྱལ་པོའི་ཆབ་སྲིད་དང་ མར་གྱི་མི་སེར་འཚོ་སྐྱོང་ ག་ཅི་ལུ་བལྟ་སྟེ་འབད་རུང་ འཇིག་རྟེན་འཁོར་བའི་ཆོས་འདི་ལུ་ སྙིང་པོ་རྩ་ལས་མེད་པའི་སྡུག་བསྔལ་གྱི་རང་བཞིན་ཨིན་མས། ད་ སྡུག་བསྔལ་འདི་ལས་ཐར་བའི་ཐབས་ཅིག་འཚོལ་དགོ་པས་མནོ་བའི་ཐུགས་བཞེད་གནང་ཞིནམ་ལས་ བྱོག་འགྱོ་ནི་གི་འཆར་གཞི་བརྩམས་ཏེ་བཞུགས་ནུག། དེ་ལས་ ཐ་སྐར་ཟླ་བའི་ནམ་ཕྱེད་ལུ་ ཆིབས་པ་སྔགས་ལྡན་ལུ་ཆིབས་ཏེ་ ཕྱག་ཞུ་མི་འདུན་དང་བརྒྱ་བྱིན་ལ་སོགས་པའི་ལྷ་བྱེ་བ་ཕྲག་སྟོང་གིས་མཆོད་དེ་ གནམ་ཁའི་ལམ་ལས་ དཔག་ཚད་བཅུ་གཉིས་ཀྱི་ས་ཁར་ ཤར་ཕྱོགས་འདས་པ་ཡངས་པ་ཅན་ལུ་ཕེབས་ཏེ་ གཙུག་ཕུད་ཁོ་ར་གིས་བཅད་དེ་ ལྷ་ཚུ་གིས་ཕུལ་མི་ན་བཟའ་ངུར་སྨྲིག་འདི་བཞེས་ཞིནམ་ལས་ གནས་ཚུལ་དེ་ཚུ་ ཡབ་ཡུམ་དང་བཙུནམོ་ལུ་ ཞུ་དགོཔ་སྦེ་གསུངས་ཏེ་ ཆིབས་རྟ་དང་ཨ་དྲུང་ལོག་བཏང་ནུག། དེ་ལས་ གཙུག་ཕུད་དང་ཀཱ་ཤི་ཀཱའི་ན་བཟའ་ཚུ་ ལྷ་ཚུ་གིས་བསྣམས་བྱོན་ཡོདཔ་ཨིན་མས།

རབ་ཏུ་བྱུང་བའི་མཛད་པ། ཞུན་དག།

རྒ་ན་འཆི་དང་ཚངས་སྤྱོད་གཟིགས་སོགས་ཀྱིས། །ངེས་འབྱུང་རབ་ཏུ་བྱུང་ནས་ངུར་སྨྲིག་བཞེས།། ཟེར་གསུངས་མི་ལྟར་དུ་ དགུང་ལོ་ཉེར་དགུ་བཞེསཔ་ད་ གྲོང་ཁྱེར་གྱི་སྒོ་བཞི་ལས་ མི་རྒས་རྒསཔ་དང་ན་ནཝ། ཤི་ཤིཝ། ཆོས་འབད་མི་ཚུ་གཟིགས་ཏེ་ ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་ གླུ་དབྱངས་སིལ་སྙན་གྱི་སྒྲ་གིས་བསྐུལ་ཏེ་བྱིན་གྱིས་བརླབས་ཡོདཔ་མ་ཚད་ རྒྱལ་སྲིད་བཙུན་མོའི་འཁོར་རྣམས་ལུ་ སྐྱོ་བའི་ཚུལ་སྟོན་ཏེ་ ངེས་པར་འབྱུང་བའི་ཐུགས་འཁྲུངས་ནུག། དེ་ལས་ ཞག་བདུན་ལུ་ རབ་ཏུ་མ་བྱུངམ་བཟུམ་ཅིག་ཨིན་པ་ཅིན་ འཁོར་ལོ་བསྒྱུར་བའི་རྒྱལཔོ་ལུ་འགྱུར་འོང་ཟེར་བའི་ཡ་མཚན་ཅན་གྱི་ལུང་བསྟན་གསན་ནུག།
དེམ་ཅིག་གི་བར་ན་ རྒྱལ་སྲས་ཀྱི་ཐུགས་ལུ་ ཡར་གྱི་རྒྱལ་པོའི་ཆབ་སྲིད་དང་ མར་གྱི་མི་སེར་འཚོ་སྐྱོང་ ག་ཅི་ལུ་བལྟ་སྟེ་འབད་རུང་ འཇིག་རྟེན་འཁོར་བའི་ཆོས་འདི་ལུ་ སྙིང་པོ་རྩ་ལས་མེད་པའི་སྡུག་བསྔལ་གྱི་རང་བཞིན་ཨིན་མས། ད་ སྡུག་བསྔལ་འདི་ལས་ཐར་བའི་ཐབས་ཅིག་འཚོལ་དགོ་པས་མནོ་བའི་ཐུགས་བཞེད་གནང་ཞིནམ་ལས་ བྱོག་འགྱོ་ནི་གི་འཆར་གཞི་བརྩམས་ཏེ་བཞུགས་ནུག།
དེ་ལས་ ཐ་སྐར་ཟླ་བའི་ནམ་ཕྱེད་ལུ་ ཆིབས་པ་སྔགས་ལྡན་ལུ་ཆིབས་ཏེ་ ཕྱག་ཞུ་མི་འདུན་དང་བརྒྱ་བྱིན་ལ་སོགས་པའི་ལྷ་བྱེ་བ་ཕྲག་སྟོང་གིས་མཆོད་དེ་ གནམ་ཁའི་ལམ་ལས་ དཔག་ཚད་བཅུ་གཉིས་ཀྱི་ས་ཁར་ ཤར་ཕྱོགས་འདས་པ་ཡངས་པ་ཅན་ལུ་ཕེབས་ཏེ་ གཙུག་ཕུད་ཁོ་ར་གིས་བཅད་དེ་ ལྷ་ཚུ་གིས་ཕུལ་མི་ན་བཟའ་ངུར་སྨྲིག་འདི་བཞེས་ཞིནམ་ལས་ གནས་ཚུལ་དེ་ཚུ་ ཡབ་ཡུམ་དང་བཙུནམོ་ལུ་ ཞུ་དགོཔ་སྦེ་གསུངས་ཏེ་ ཆིབས་རྟ་དང་ཨ་དྲུང་ལོག་བཏང་ནུག། དེ་ལས་ གཙུག་ཕུད་དང་ཀཱ་ཤི་ཀཱའི་ན་བཟའ་ཚུ་ ལྷ་ཚུ་གིས་བསྣམས་བྱོན་ཡོདཔ་ཨིན་མས།

ཁུངས་གཏུག། ཞུན་དག།

  1. དྭགས་གས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། དེབ་གཟུགས་པར་ཐེངས་དང་པ། སྤྱི་ལོ་ ༢༠༠༥ ལུ།
  2. དཔེ་དེབ་ཀྱི་མིང་། དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན།
  3. སྐྱབས་རྗེ་བསྟན་འཛིན་དོན་གྲུབ། དེབ་གཟུགས་པར་ཐེངས་གཉིས་པ། སྤྱི་ལོ་ ༢༠༡༢ ལུ།
  4. དཔེ་དེབ་ཀྱི་མིང་། ཕྱག་ཆེན་སྔོནའགྲོའི་འགྲེལ་པ་ངེས་ཤེས་སྒྲོན་མེ།
  5. ཆོས་མངོན་པར་མཛོད།
  6. ཚད་མ་རིག་གཏེར།
  7. བཤེས་པའི་སྤྲིངས་ཡིག།
  8. ཀུན་བཟང་བླ་མའི་ཞལ་ལུང་།
  9. དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ ༢༠༠༥ ། (མཛད་པ་པོ་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ།)
  10. སྐལ་བཟང་ཡིད་ཀྱི་དགའ་སྟོན།
  11. ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལུ་ བྲིས་ཡོད་པའི་ཟིན་བྲིས།
  12. ཨཱཙཱརྱ་གྲགས་པ་རྒྱལ་མཚན། (༢༠༠༧) ༧ གོང་ས་མཆོག་ནས་བདེན་པ་བཞིའི་སྐོར།
  13. ཨ་མཁར་བློ་བཟང་རྒྱ་མཚོའམ་མཚོ་ལྡན་དགྱེས་པའི་ལང་ཚོ། (༢༠༠༢) ཆོས་འབྱུང་ཀུན་བཏུས་པདྨ་དཀར་པོའི་ཆུན་པོ་བློ་གསལ་འདྲེན་བྱེད་བདུད་རྩིའི་དཔལ་ཡོན་ཞེས་བྱ་བ་བཞུགས་སོ།།
  14. དགེ་འདུན་རིན་ཆེན། (༢༠༡༧) དཔལ་ལྡན་འབྲུག་པའི་གདུལ་ཞིང་ལྷོ་ཕྱོགས་ནགས་མོའི་ལྗོངས་ཀྱི་ཆོས་འབྱུང་བློ་གསར་རྣ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།
  15. ཨ་མཁར་བློ་བཟང་རྒྱ་མཚོའམ་མཚོ་ལྡན་དགྱེས་པའི་ལང་ཚོ། (༢༠༠༢) ཆོས་འབྱུང་ཀུན་བཏུས་པདྨ་དཀར་པོའི་ཆུན་པོ་བློ་གསལ་འདྲེན་བྱེད་བདུད་རྩིའི་དཔལ་ཡོན་ཞེས་བྱ་བ་བཞུགས་སོ།།
  16. དགེ་འདུན་རིན་ཆེན། (༢༠༡༧) དཔལ་ལྡན་འབྲུག་པའི་གདུལ་ཞིང་ལྷོ་ཕྱོགས་ནགས་མོའི་ལྗོངས་ཀྱི་ཆོས་འབྱུང་བློ་གསར་རྣ་བའི་རྒྱན་ཞེས་བྱ་བ་བཞུགས་སོ།།
"https://dz.wikipedia.org/w/index.php?title=ནང་ཆོས།&oldid=31258" ལས་ སླར་འདྲེན་འབད་ཡོདཔ།