དྲག་ཤོས་དཔལ་འབྱོར་འཇིགས་མེད་རྡོ་རྗེ།
༉ ཡོངས་གྲགས་ལུ་དྲགོས་བེན་ཇི་ཟེར་མི་ དྲག་ཤོས་དཔལ་འབྱོར་འཇིགས་མེད་རྡོ་རྗེ་འདི་ སྤྱི་ལོ་ ༡༩༤༣ སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༢༤ ལུ་ ཡབ་བློན་ཆེན་འཇིགས་མེད་དཔལ་ལྡན་རྡོ་རྗེ་དང་ ཡུམ་ཨ་ཞེ་ཚེ་རིང་དབྱངས་འཛོམས་གཉིས་ཀྱི་སྲས་ལུ་སྐུ་འཁྲུངས་ནུག། དྲག་ཤོས་མཆོག་ ཕྱི་རྒྱལ་ཀེ་ན་ཌ་ལུ་སྦེ་ཕྱག་དཔེ་གཟིགས་ཡོདཔ་དང་ འབྲུག་རྒྱལ་ཁབ་ནང་ཁྱད་དུ་འཕགས་པའི་ཕྱག་ལཱ་ལེ་ཤ་ར་མཛད་དེ་ཡོདཔ་ཨིན། དྲག་ཤོས་མཆོག་ འབྲུག་རྒྱལ་ཁབ་ནང་ རང་བཞིན་གནས་སྟངས་སྲུང་སྐྱོབ་ཀྱི་དོན་ལུ་ ཕྱག་ལཱ་གནང་མི་འགོ་དང་པ་ཨིནམ་དང་ འདི་ཡང་ཁོ་གིས་ སྤྱི་ལོ་ ༡༩༨༧ ལུ་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་ཟེར་མི་གཞུང་མིན་ལས་སྡེ་དང་པ་ རྒྱལ་ཁབ་ཀྱི་རང་བཞིན་གནས་སྟངས་སྲུང་སྐྱོབ་ཀྱི་དོན་ལུ་དང་གནད་དོན་གཙོ་བོ་ཅིག་ འབྲུག་རྒྱལ་ཁབ་ཀྱི་བྱ་ཁྲུང་ཁྲུང་དཀར་མོའི་གྱངས་ཁ་ཉེན་སྲུང་འབད་ཐབས་ཀྱི་དོན་ལུ་གཞི་བཙུགས་མཛད་གནང་ཡོདཔ་ཨིན།
འདི་བཟུམ་སྦེ་དྲག་ཤོས་མཆོག་གིས་ རྒྱལ་ཡོངས་རང་བཞིན་གནས་སྟངས་སྲུང་སྐྱོབ་ཀྱི་ཐབས་རིག་ ཟིན་བྲིས་བཏབ་པའི་སྐབས་ལུ་ཡང་ གྲལ་གཏོགས་གནང་ཡོདཔ་དང་ རང་བཞིན་གནས་སྟངས་ལྷན་ཚོགས་ལ་སོགས་པའི་ འབྲུག་གི་རང་བཞིན་གནས་སྟངས་སྲུང་སྐྱོབ་དང་འབྲེལ་བའི་ ལས་སྡེ་ལེ་ཤ་ར་ལུ་ གྲོས་བསྟུན་པ་དང་ཁྱད་རིག་གི་མི་ངོམ་ཅིག་སྦེ་ཕྱག་ཞུ་ཡོདཔ་ཨིན། འདི་མ་ཚད་ འབྲུག་བྱ་རིགས་སྤྱི་ཚོགས་དང་ འབྲུག་སྐྱེ་ལྡན་གནས་སྟངས་ཚོགས་སྡེ་ཡང་གཞི་བཙུགས་མཛད་དེ་ འདི་གི་གཙོ་འཛིན་སྦེ་ཡང་ཕྱག་འདི་ཡོདཔ་ཨིན། དྲག་ཤོས་མཆོག་གིས་ ཕྱག་ལཱ་འདི་བཟུམ་མཛད་ཡོད་པའི་ངོ་སྦྱོར་ལུ་ འཇིགས་མེད་སེངྒེ་དབང་ཕྱུག་རང་བཞིན་གནས་སྟངས་སྲུང་སྐྱོབ་མཆོག་གྱུར་གྱི་གཟེངས་སྟོད་ ཐོབ་ཡོདཔ་དང་ སྤྱི་ལོ་ ༢༠༡༨ ལུ་ རྒྱལ་འཛིན་རང་བཞིན་སྲུང་སྐྱོབ་ཚོགས་སྡེ་གིས་ རང་བཞིན་གནས་སྟངས་སྲུང་སྐྱོབ་དག་ཤོས་ཀྱི་ མིང་རྟགས་ཡང་གནང་ཡོདཔ་ཨིན།
གཞན་ཡང་དྲག་ཤོས་མཆོག་གིས་ སྤྱི་ལོ་ཉིས་སྟོང་དགུ་བརྒྱ་དྲུག་བཅུ་རེ་གྲངས་ལས་ གཞུང་གི་ཁྲིམས་དོན་གྱི་ཕྱག་ལཱ་ཡང་མཛད་དེ་ཡོདཔ་ཨིན། འདི་ཡང་ སྤྱི་ལོ་ ༡༩༦༩ ལས་ ༡༩༧༢ ཚུན་ སྤ་རོ་རྫོང་ཁག་གི་ཁྲིམས་དཔོན་དང་ སྤྱི་ལོ་ ༡༩༧༢ ལས་ ༡༩༧༤ ཚུན་ ཆེ་མཐོ་ཁྲིམས་ཀྱི་འདུན་སའི་ཁྲིམས་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན། འདི་གི་ཤུལ་ལས་ སྤྱི་ལོ་ ༡༩༧༢ ལས་ ༡༩༨༧ ཚུན་ འབྲུག་གི་ ཁྲིམས་སྤྱི་བློན་པོ་དང་པ་དང་སྤྱི་ལོ་ ༡༩༨༨ ལས་ ༡༩༩༡ ཚུན་ མི་སྡེའི་ཞབས་ཏོག་གི་ལྷན་རྒྱས་འོག་མའི་ཕྱག་ལཱ་མཛད་ཡོདཔ་ཨིན། དེ་ལས་སྤྱི་ལོ་ ༡༩༩༤ ལས་ ༡༩༩༧ ཚུན་ རང་བཞིན་གནས་སྟངས་ལྷན་ཚོགས་ཀྱི་ ལྷན་རྒྱས་འོག་མའི་ཕྱག་ལཱ་མཛད་ཡོདཔ་ཨིན།
དྲག་ཤོས་དཔལ་འབྱོར་རྡོ་རྗེ་མཆོག་ འབྲུག་རྒྱལ་བཞི་པའི་སྐུ་མཆེད་ཅིག་ཡང་འབདཝ་ལས་ འབྲུག་རྒྱལ་བཞི་པ་མཆོག་ལུ་ གྲོས་བསྟུན་པའི་ཕྱག་ལཱ་མཛད་ཡོདཔ་དང་ འཛམ་གླིང་སྤྱི་ཚོགས་དང་ཡུ་རོ་པཱན་རྒྱལ་ས་ཚུ་ལུ་ འབྲུག་པའི་གཞུང་ཚབ་སྦེ་ཡང་ཕྱག་ཞུ་ནུག། དེ་ལས་ དྲག་ཤོས་མཆོག་ ཀེ་ན་ཌ་ལུ་བཞུགཔ་པའི་སྐབས་ དྲྭ་རིལ་གྱི་རྩེདམོ་བརྩེས་ཡོདཔ་ལས་ འབྲུག་རྒྱལ་ཁབ་ནང་དྲྭ་རིལ་རྩེདམོ་འགོ་དང་པ་འབག་མི་ཡང་ཨིན་པའི་མིང་གཏམ་ཡོདཔ་ཨིན།
ཁུངས་གཏུག།
ཞུན་དགWikipedia contributors. (2021 ). Paljor Dorji. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/wiki/Paljor_Dorji