དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། Ι Dagpo Lhajey Sonam Rinchen

དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། Ι Dagpo Lhajey Sonam Rinchen

ཞུན་དག

དྭགས༌པོ༌ལྷ༌རྗེ༌འདི༌ང༌བཅས༌རའི༌སྒྲོན༌མེའི༌སྐལ༌པའི༌བདག༌པོ༌ བཅོམ༌ལྡན༌འདས༌སངས༌རྒྱས༌ཤཱཀྱ༌ཐུབ༌པའི༌ངོ༌བསྒང༌ལུ༌ དགེ༌སློང༌ཟླ༌འོད༌གཞོན༌ནུ༌སྐུ༌སྐྱེས༌བཞེས༌ཏེ༌ བསྟན༌པ༌དང༌སེམས༌ཅན༌གྱི༌འགྲོ༌དོན༌ དཔག༌ཏུ༌མེདཔ༌མཛདཔ༌ལས༌ སངས༌རྒྱས༌ཀྱིས༌ དགེ༌སློང༌ཟླ༌འོད༌གཞོན༌ནུ༌གིས༌ ཁོ༌གི༌མ༌འོངས༌པའི༌བསྟན༌པ༌ལུ༌ ཕན༌པ༌གཟིགས༌ཏེ༌ སངས༌རྒྱས༌ཁོ༌ར༌གིས༌ གསུངས༌པའི༌ སྙིང༌རྗེ༌པདྨ༌དཀར༌པོའི༌མདོ༌དང༌ ཏིང༌ངེ༌འཛིན༌རྒྱལ༌པོ༌ཚུ༌གི༌མདོ༌ལས༌ དགེ༌སློང༌ཟླ༌འོད༌འདི༌ མ༌འོངས༌པ༌ནང༌ལུ༌ བོད༌ཁ༌བ༌ཅན༌གྱི༌རྒྱལ༌ཁབ༌ནང༌ལུ༌ དྭགས༌པོ༌ལྷ༌རྗེ༌གི༌མཚན༌ཅན༌སྦེ༌འབྱོན༌ནི༌ཨིན༌ཟེར༌ རྡོ༌རྗེ༌གསུང༌གིས༌ལོག༌ཅི༌ལོག༌ཅི༌ར༌ ལུང༌བསྟན༌གནང༌ཡོདཔ༌མ༌ཚད༌ སངས༌རྒྱས༌གཉིས༌པ༌ཨྱོན༌གུ༌རུ༌གིས༌ཡང༌ ཨྱོན༌ང༌ཉིད༌གཉལ༌སྨད༌ལྷ༌རྗེར༌སྐྱེས། དྭགས༌པོའི༌རི༌ལ༌དོན༌སྒོམ༌ཁྱུ༌གཅིག༌འབྱུང༌། ཟེར༌བསླུ༌མེད༌གསུང༌གིས༌ལུང༌བསྟན༌པ༌བཞིན༌ སྤྱི༌ལོ༌ ༡༠༧༩ སྟོན༌པའི༌འདས༌ལོ༌ ༡༩༥༧ རབ༌བྱུང༌དང༌པའི༌གནམ༌ལོ༌ས༌ལུག༌གི༌ལོ༌ལུ༌ བོད༌རྒྱལ༌ཁབ༌ཀྱི༌ས༌གནས༌ གཉལ༌སྨད༌བུལ༌ཉི༌ཟེར༌ས༌ལུ༌ ཡབ༌སྙི༌བ༌རྒྱལ༌པོ༌དང༌ ཡུམ༌ངལ༌བཟའ༌མ༌གཉིས༌ཀྱི༌སྲས༌སྦེ༌ སྐུ༌འཁྲུངས༌ནུག། འབྲུག༌གི༌རྒྱལ༌རབས༌ལས༌འབད༌བ༌ཅིན༌ ཡབ༌སྙི༌བ༌ལྷ༌རྗེ༌ལུ༌ གསང༌ཡུམ༌ཡུན༌ལ༌བཟའ༌མ༌དང༌ གསང༌ལྡན༌དྲན༌མ༌ཟེར༌ གཉིས༌ཡོད༌པའི༌ལོ༌རྒྱུས༌བཤད༌ཡོད༌རུང༌ དགེ༌འདུན༌རིན༌ཆེན༌གྱིས༌ལྷོ༌འབྲུང༌ཆོས༌འབྱུང༌ནང༌ལུ༌ དྭགས༌པོ༌ལྷ༌ལྗེ༌གི༌ཡུམ༌འདི༌ ངལ༌བཟའ༌མ༌ཟེར༌བཀོད༌དེ༌འདུག། དེ༌ལས༌ ཁོ༌གི༌ཡབ༌ཡུམ༌གྱི༌ཁོ༌ལུ༌མཚན༌ཡང༌ འདུན༌པ༌དྷརྨ༌གྲགས༌ཟེར༌བཏགས༌ནུག།

དྭགས༌པོ༌ལྷ༌རྗེ༌འདི༌ཨ༌ལུ༌ཆུང༌ཀུ༌ཅིག༌གི༌སྐབས༌ལས༌ར༌ སྙིང༌རྗེ༌དང༌གཞན༌བྱ༌སྤྱོད༌ཚུ༌གཟབ༌ཏོག༌ཏོ༌ཡོདཔ༌ལས༌ ཡབ༌ཀྱི༌འོག༌ལུ༌ གསོ༌བ༌རིག༌པ༌འདི༌གཙོ༌བོར༌བཟུང༌སྟེ༌སློབ༌སྦྱོང༌མཛད༌དེ༌ དགུང༌ལོ༌ ༡༦ བཞེསཔ༌ད༌ གསོ༌བའི༌སྨན༌རིགས༌ཡན༌ལག༌བརྒྱད༌འདི༌ ཕུལ༌ཕྱིན༌སྦེ༌སྦྱངས༌གནངམ༌མ༌ཚད༌ སྙིང༌མའི༌བླམ༌ཚུ༌ལས༌ སྙིང༌མའི༌ཆོས༌ཡང༌ མང༌རབས༌ཅིག༌གསན༌ཏེ༌ ཁོ༌བོད༌ཀྱི༌སྨན༌པ༌དང༌ མཁས༌པ༌སྦོམ༌ཤོས༌ཅིག༌སྦེ༌ངོས༌འཛིན༌གནང༌ནུག། དེ༌ལས༌དགུང༌ལོ༌ ༣༢ ལུ༌གཡུས༌དེ༌གི༌རྒྱལཔོ༌གི༌བུམོ༌དང༌གཉེན༌བསྡོམས༌ཏེ༌ ཆོས༌འདི༌འཕྲོ༌མཐུད༌དེ༌ར༌སྦྱང༌བརྩོན༌མཛད༌དེ༌ གཙོ༌བོར༌སྨན༌རིགས༌ལུ༌བཏོན༌གནངམ༌ལས༌ མཚན༌ཡང༌ དྭགས༌པོ༌ལྷ༌རྗེ༌ཟེར༌ དར༌ཁྱབ༌སོང༌ནུག། དེ༌ལས༌སྲས༌གཅིག༌དང༌ སྲསམོ༌གཅིག༌ཡང༌འཁྲུངས༌ནུག། དེ་ལས་ གཉེན་གྱི་ཤུལ་ལས་མི་ཚེ་འདི་ དགའ་ཏོག་ཏོ་སྦེ་སྐྱོང་བཞུགས་པའི་དུས་སྐབས་ལུ་ གཡུས་འདི་ནང་ནད་ཡམས་སྦོམ་ཐོན་ཏེ་ ནད་ཡམས་ལས་བཅོ་ཐབས་ཀྱི་དོན་ལུ་དྭགས་པོ་ལྷ་རྗེ་གིས་ཉིན་ནུབ་མེད་པར་ བརྩོན་གནང་རུང་ཁོ་གིས་སྨན་རིགས་ཀྱིས་ནད་ཡམས་ལུ་ཕན་མ་ཐོགས་པར་ མི་ཚུ་སྲོག་སྐྱབས་མཛད་མ་ཚུགས་པས། ཚར་གཅིག་འབདཝ་ད་ ཁོ་རའི་སྲས་གཅིགཔོ་ཡང་ནད་ལས་བརྟེན་ཏེ་ ཚེ་ལས་འདས་སོང་མི་འདི་དུར་ཁྲོད་ལུ་བསྐྱལ་ཏེ་ ལོག་འོངམ་ད་སྲསམོ་ཡང་ནད་ཡམས་ཀྱིས་ཤུགས་སྦེ་ན་སྟེ་གྱོངས་སོ་ནུག། དེ་ལས་ཁོ་གིས་སྲསམོ་གི་རོ་འདི་དུར་ཁྲོད་ལུ་བསྐྱལ་ཏེ་ ཁོ་རའི་སྲས་ལུ་བཟུམ་སྦེ་ར་མགྱོགས་པ་མི་ལུས་འཐོབ་སྟེ་དམ་པའི་ཆོས་དང་མཇལ་བའི་ཐུགས་སྨོན་གནང་ནུག། དེ་ལས་ཉིནམ་དག་པ་ཅིག་གི་ཤུལ་ལས་ ཁོ་གི་གསང་ཡུམ་ཡང་ནད་ཡམས་ཀྱི་བཏབ་སྟེ་ ཁོ་གིས་སྨན་བཅོས་དང་རིམ་འགྲོ་ག་ཅི་མཛད་རུང་རྩ་ལས་ཕན་མ་ཐོགས་པར་ཤི་ནི་གུར་ཐུག་རུང་ གསང་ཡུམ་འདི་གི་རྩ་ལས་ཤི་མ་བཏུབ་མི་འདི་ག་ཅི་ཅིག་ལུ་ཆགས་ཆགསཔ་འོང་ཟེར་མོ་ལུ་དྲིཝ་ད་ མོ་གིས་གཞན་ག་ཅི་ལུ་ཡང་མ་ཆགས་དེ་འབདཝ་ད་ལྷ་རྗེ་ཁྱོད་ར་ཆགས་ཆགསཔ་ཨིན། ང་ད་ལྟོ་ར་ཤི་ནི་ཨིན་རུང་ ཁྱོད་ཀྱིས་ང་མེད་པའི་ཤུལ་ལུ་ཨམ་སྲུ་གཞན་བསྟེན་འོང་མནོ་བའི་དོགས་པ་གིས་ ང་ཤི་མ་བཏུབ་ཟེར་སླབ་ད་ལྷ་རྗེ་གིས་ ཁོ་རའི་ཨ་ཁུ་དཔལ་སོ་འདི་འཛོམས་དཔང་བཙུགས་ཏེ་ ཕྱག་དཔེ་དབུ་གུར་བཞག་སྟེ་ ང་ཁྱོད་གསོན་རུང་ཡང་ཆོས་འབད་མི་མ་གཏོགས་གཞན་འཇིག་རྟེན་གྱི་ཆོས་མི་མཛད་ཟེར་དམ་བཅའ་མཛད་གནང་མི་ལུ་ གསང་ཡུམ་ཡང་ལྷ་རྗེ་གིས་དམ་བཅའ་མཛད་མི་ལུ་ངེས་ཤེས་འདྲོངས་ཏེ་ མོ་གི་མིག་ཏོ་འདི་ལྷ་རྗེ་ལུ་ལྟ་ཡི་ར་དགའ་འཛུམ་དང་བཅསཔ་སྦེ་གྱོངས་སོ་ནུག། དེ་ལས་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་འདི་ ཨམ་སྲུ་དང་ཨ་ལུ་གཉིས་ཆ་ར་གྱོངས་བའི་སྟབས་ཀྱིས་ འཁོར་བའི་ཆོས་ལུ་ཐུགས་སྐྱོ་སྟེ་སྙིང་པོ་རྩ་ལས་མེདཔ་གཟིགས་ཏེ་ ད་ལས་ཕར་དམ་པའི་ཆོས་ཁོ་ན་ལུ་བརྩོན་ནི་གི་ཐུགས་བཞེས་དྲག་པོ་མཛད་ནུག། ཁོ་གིས་མི་ལོ་སུམ་ཅུ་ལྷག་ཙམ་བསགས་པའི་ཁོ་ར་གི་རྒྱུ་ནོར་འདི་ཡང་ དཔྱ་གསུམ་ལུ་བགོ་བཀྲམ་མཛད་ནུག། དཔྱ་གཅིག་འདི་ཁོ་རའི་ཨམ་སྲུ་དང་ཨ་ལུའི་དགེ་རྩ་བསྒྲུབ་ནི། དཔྱ་གཉིས་པ་འདི་གཞན་ལུ་གྲོགས་རམ་མཛད་ནི་དང་ དཔྱ་གསུམ་པ་འདི་ཁོ་ར་དམ་ཆོས་བསྒྲུབ་ནི་དོན་ལུ་དཔྱ་བགོ་རྐྱབ་ནུག། ལྷ་རྗེ་གིས་ཁོ་རའི་གསང་ཡུམ་གྱི་རྗེས་དྲན་ལུ་ཇོ་མོ་མཆོད་རྟེན་གཅིག་ཡང་བཞེངས་གནང་ནུག།

དེ་ལས་ལྷ་རྗེ་དམ་ཆོས་བསྒྲུབ་ནི་ཐུགས་ཐག་བཅད་དེ་ ཁོ་རའི་ནང་མི་ཚུ་ག་གིས་ཡང་མ་ཤེསཔ་སྦེ་ ཁོ་ར་ལུ་མཁོ་མི་ཅ་ལ་དག་པ་ཅིག་བསྡམས་སྦེ་ ལྷ་ས་གི་བྱང་ཕྱོགས་ཁ་ཐུག་ཕངས་ཡུལ་ལུང་ཕྱོགས་ཀྱི་མངའ་འོག་ལུ་ བཀའ་གདམས་པའི་ཆོས་ལུ་བརྩོན་མི་དགོན་པ་པོ་ཏོ་ཟེར་སར་བྱོན་ཏེ་ དེ་ཁའི་དགེ་བཤེས་དང་བླམ་པུ་ཏོ་བ་རིན་ཆེན་གསལ་དང་མཇལ་ཕྲད་ཞུས་ཏེ་ ཁོ་གི་སློབ་མ་སྦེ་བཞག་དགོ་པའི་གསོལ་འདེབས་ཞུཝ་ད་ བླམ་པུ་ཏོ་བ་གིས་ལྟོ་དང་གོ་ལ་ཁྱོད་ར་གིས་བཏོན་པ་ཅིན་ཆོས་གནང་ནི་གི་ཞལ་ཁ་བཞེས་མི་ལུ་ བླམ་པུ་ཏོ་བ་གིས་ཞལ་བཞེས་འདི་ལྷ་རྗེ་གིས་ཐུགས་དང་མ་ལྡན་མི་དེ་ཡང་ བླམ་འདི་ལུ་སློམ་མའི་རེ་འདོད་དང་འཁྲིལ་ཏེ་ཆོས་གསུང་ནི་གི་སྙིང་རྗེ་གཅིག་འོང་དགོཔ་ལས་ བླམ་པུ་ཏོ་བ་དང་གཅིག་ཁར་སྔོན་མའི་འཕྲོ་མེདཔ་མཁྱེན་ཏེ་ ལོག་གཉལ་ལུ་བྱོན་ནུག། ཁོ་ཕངས་ཡུལ་གྱི་དགོན་པ་རྒྱ་ལྕགས་རི་ནང་ལུ་ བླམ་རྒྱ་སྤྱིལ་བ་གིས་དམ་ཆོས་དང་ལྟོ་གོས་གསུམ་ཆ་ར་གནང་ནི་ངོས་ལེན་མཛད་དེ་ དགུང་གྲངས་ ༣༦ ལུ་སྡོམ་པ་གནང་སྟེ་མཚན་ཡང་བསོད་ནམས་རིན་ཆེན་ཟེར་གསོལ་གནང་ནུག། ཁོ་གིས་ཤ་བ་གླིང་པ་དང་སྤྱ་འདུལ་བ་འཛིན་པ་ཚུ་ལས་ཆོས་ལེ་ཤ་གསན་ནུག། དེ་ལས་དམར་ཡུལ་ལས་བཀའ་གདམས་པའི་མཁས་པ་ཆེན་པོ་ དགེ་བཤེས་དམར་ཡུལ་བློ་ལྡན་ཤེས་རབ་ལས་ སྙན་བརྒྱུད་གྱི་གདམས་ངག་དང་སྔགས་ཀྱི་ལུང་ལེ་ཤ་ཞུ་ནུག། ཁོ་གིས་དགེ་བཤེས་སྨྱུག་རུམ་པ་དང་ལྕགས་རི་བ་ཚུ་བསྟེན་ཏེ་ དཔལ་ལྡན་ཨ་ཏི་ཤ་གི་བཀའ་གདམས་པའི་ཆོས་ཡོངས་རྫོགས་གསན་གནང་ནུག། ཁོ་གིས་ཞུ་མི་ཆོས་དེ་ཚུ་སྒོམ་སྒྲུབ་མཛད་ནི་དོན་ལུ་ རྒྱ་ལྕགས་རི་གི་དགོན་པའི་སྦོ་ལོགས་ཁར་མཚམས་ཁང་ཆུང་ཀུ་ཅིག་རྐྱབ་སྟེ་སྒོམ་སྒྲུབ་གནང་ནུག། དེ་ཁར་ཡོད་པའི་ས་ཞིང་ཆུང་ཀུ་དེ་གིས་ཁོ་གི་དགོ་མི་ཚུ་མཐུན་རྐྱེན་འབད་ནུག། དེ་ཁར་ཁོ་གི་ཉིན་མར་ཆོས་གསན་ཕྱི་རུ་སྒོམ་གནང་སྟེ་མཁས་པའི་གོ་ས་ཐོབ་ནུག།

ཚར་གཅིག་དྭགས་པོ་ལྷ་རྗེ་རྒྱ་ལྕགས་རི་གི་དགོན་པའི་ཕྱི་ཁར་ཁམས་བཟང་ལུ་བྱོནམ་ད་ སྤྱང་ཀ་གསུམ་ལས་རྗེ་བཙུན་མི་ལ་རས་པའི་མཚན་འགོ་དང་པར་གོཝ་ཅིག་ མི་ལ་རས་པ་ལུ་ཁོ་གི་དད་པ་འདི་ཧ་ཅང་དྲགསཔ་ལས་ཁོ་དྲན་མེད་བརྒྱལ་ཏེ་ཉིནམ་ཕྱེད་ལུས་སོ་ནུག། ལོག་དྲན་པ་ཐོབ་པའི་ཤུལ་ལས་ ལཱ་ཕྱི་གངས་རི་ལྟ་ཕྱག་འཚལ་ཏེ་གསོལ་བ་ལེ་ཤ་བཏབ་ནུག། དེ་ལས་ཤུལ་མའི་དྲོ་པ་ཧ་སག་སྟེ་ཁོ་གིས་སྤྱང་ཀ་གསུམ་འདི་འཚོལ་ཞིན་ན་ འདྲི་དཔྱད་འབདཝ་ད་ སྤྱང་ཀ་རྒན་ཤོས་ལས་བླ་མ་རྗེ་བཙུན་མི་ལ་རས་པ་འདི་བླ་མ་མར་པའི་སློབ་མ་ དེ་བསྒང་ལྷ་ས་གི་བྱང་ཕྱོགས་ཁ་ཐུག་ས་ཕྱོགས་གུང་ཐང་ལུ་བཞུགས་ཡོདཔ་ལས་གོཝ་ཅིག་ ཁོ་ར་གི་ས་ཞིང་དང་ཁང་ཁྱིམ་ཚུ་ཡང་བཙོང་། རྒྱ་ལྕགས་རི་གི་དགོན་པའི་བླམ་ལུ་ཞུ་ཞིན་ན་ སྤྱང་ཀ་རྒན་ཤོས་ལུ་གླ་ཆ་སྤྲོད་ནི་གི་ཁས་བླངས་མཛད་དེ་ བླ་མ་མི་ལ་རས་པ་འཚོལ་བར་བྱོན་ནུག། གཙང་སྟོད་མྱང་ཟེར་སར་ལྷོདཔ་ད་ ཁོ་གི་ལམ་སྟོན་པ་འདི་ཤུགས་སྦེ་ན་སྟེ་རྩ་ལས་འགྱོ་མ་ཚུགས་མི་འདི་ དགོན་པ་ས་རྗེ་ཟེར་སར་འཁྱིད་དེ་དེ་ཁའི་སྙིང་རྗེ་ཅན་གྱི་དགེ་སློང་ཚུ་ལུ་ཁོ་རའི་གསེར་འདི་ཡང་སྤྲོད་དེ་ ལེགས་ཤོམ་མཛད་གནང་དགོ་པའི་ཞུ་བ་དང་བཅས་ཏེ་བཅོལ་བཞག་ནུག།

དེ་ལས་ཉིནམ་དག་པ་ཅིག་དཀའ་སྤྱད་དཔག་ཏུ་མེདཔ་དང་དུ་ལེན་ཏེ་བྱོན་པའི་མཐའ་མར་ ལ་ཕྱི་སྨན་ལུང་ཆུ་དབར་དུ་ཕེབས་ནུག། རྗེ་བཙུན་མི་ལ་གིས་ཡང་ བརྒྱུད་པ་ཟིན་པའི་གང་ཟག་མཆོག་ཨིནམ་མཁྱེན་ཏེ་ རྗེས་སུ་བཟུང་སྟེ་སིནྡྷ་རའི་དཀྱིལ་འཁོར་ལུ་བརྟེན་ཏེ་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་ངག་གནང་སྟེ་སྒོམ་བཅུག་ནུག། དེ་ལས་བཀའ་བཞིན་ཐུགས་བརྩོན་དྲག་པོའི་སྒོ་ལས་སྒོམ་སྟེ་ རྩ་རླུང་གི་རང་དབང་ཐོབ་སྟེ་བླ་མའི་ཐུགས་རྗེ་ལུ་བརྟེན་ཏེ་ རྟོགས་པ་མངོན་དུ་གྱུར་ཏེ་ སྨན་ལྷ་མཆེད་བདུན་དང་སངས་རྒྱས་སྟོང་དང་ལོངས་སྐུའི་ཞིང་ཁམས་ཚུ་གཟིགས་ནུག། དེ་ལས་བཀའ་བརྒྱུད་ཀྱི་ཆོས་དང་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་བཞེས་པའི་ཤུལ་ རྗེ་བཙུན་གྱི་སྐུ་མདུན་ལུ་ལོ་གསུམ་ཀྱི་སྐུ་མཚམས་དམ་པོར་བཞུགས་པའི་མཐའ་མར་ ཤར་ཕྱོགས་དྭགས་ལ་སྒམ་པོ་ཟེར་སར་དགེ་སློང་རྡོ་འཛིན་པ་ཁྱོད་ཀྱི་གདུལ་བྱ་ཡོད་ཟེར་ རྗེ་བཙུན་གྱི་ལུང་བསྟན་བཞིན་དེ་ཁར་བྱོན་པའི་ཞོར་ཁ་ས་ཕྱོགས་གཉལ་སྨད་སེ་བ་ལུང་ཟེར་སར་ལོ་དྲུག་གི་རིང་སྒྲུབ་པ་ཉམས་ལེན་ལུ་བརྩོན་གནངམ་ལས་ ཕྱག་རྒྱ་ཆེན་པོའི་རྟོགས་མངོན་དུ་གྱུར་ཏེ་དྭགས་ལ་སྒམ་པོའི་གནས་ལུ་བྱོན་ཏེ་ དེ་ཁར་ཡང་ལོ་བཅུ་གཉིས་ཀྱི་རིང་ཞེ་བཅད་དེ་སྒྲུབ་པ་ཉམས་ལེན་མཛད་ནི་གི་དམ་བཅའ་བཞེསཔ་ད་ གནམ་ཁ་ལས་མཁའ་འགྲོ་མ་གིས་ བཅུ་གཉིས་འདག་སྦྱར་མཛད་པ་བས། བཅུ་གཉིས་བསྟན་པ་སྤེལ་ན་དགའ། ཟེར་བའི་ལུང་བསྟན་གནང་མི་ལྟར་དུ་ གནམ་ལོ་ཤིང་སྟག་གི་ལོ་ལུ་ དྭགས་ལ་སྒམ་པོ་ལུ་གདན་ས་བཅགས་ཏེ་སློབ་བསྐྱངས་གནང་ནུག། དེ་ཁར་འཁོར་མི་སློབ་མ་ཚུ་ལུ་བཀའ་མདོའི་དགོངས་པ་གཙོ་བོར་བཏོན་པའི་ བཀའ་གདམས་དང་། སྔགས་ཀྱི་དགོངས་པ་གཙོ་བོར་བཏོན་པའི་ ཕྱག་རྒྱ་ཆེན་པོ་བཅས་ བཀའ་ཕྱག་ཆུ་བོ་གཉིས་འདུས་ཀྱི་ལམ་སྲོལ་གསར་གཏོད་མཛད་གནང་མི་དེ་གིས་ དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཟེར་འགྲན་ཟླ་མེད་པའི་རིང་ལུགས་ཅིག་བྱུང་ནུག། དྭགས་པོ་ལྷ་་རྗེ་འདི་ དཔལ་ལྡན་ནཱ་རོ་པ་གིས་ སེངྒེ་ཁྱུང་གི་ཕྲུག་གུ་བཞིན། སློབ་བས་ཀྱང་ཡང་སློབ་བཟང་། ཟེར་གསུངས་མི་དང་ བླ་མ་མར་པ་ཀྱིས༌རྗེ༌བཙུན༌མི༌ལའི༌རྨི༌ལམ༌ བརྡ༌གྲོལ༌གྱི༌མགུར༌མ༌ནང༌ལུ༌ རྒོད༌དེ༌ལ༌བུ༌གཅིག༌སྐྱེས༌པ༌དེ། བུ༌འགྲན༌གྱི༌དོ༌མེད༌འབྱུང༌བའི༌རྟགས། བྱ༌ཕྲན༌གྱིས༌ནམ༌མཁའ༌གང༌བ༌དེ། བཀའ༌བརྒྱུད༌ཀྱི༌བསྟན༌པ༌དར༌བ༌ཡིན། ཟེར༌གསུངས༌ཡོད༌ དོ༌བཟུམ༌སྦེ༌ བཀའ༌བརྒྱུད༌ཀྱི༌བསྟན༌པ༌སྤེལ༌ནི༌ལུ༌ འགྲན༌ཟླ༌མེད༌པའི༌མཛན༌སྙན༌ འཛམ༌གླིང༌ཡོངས༌ཁྱབ༌པའི༌མཐར༌ དགུང༌གྲངས༌བདུན༌ཅུ༌དོན༌ལྔ༌བཞེསཔ༌ད༌ གནམ༌ལོ༌ཆུ༌མོ༌བྱ༌ལོ༌ ཟླཝ༌དྲུག༌པའི༌ཚེས༌བཅོ༌ལྔའི༌ཉིན༌མར༌ གདུལ༌བྱའི༌མཐའ༌མ༌རྫོགས༌ཏེ༌ དགོངས༌པ༌ཆོས༌ཀྱི༌དབྱིངས༌སུ༌ མངོན༌པར༌རྫོགས༌པར༌སངས༌རྒྱས༌སོ༌ནུག།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

ཞུན་དག

༡༽   ཤེས་རིག་ལྷན་ཁག། འབྲུག་གི་ལྷན་ཐབས་བྱུང་རབས་ ༡༡ པ། གནམ་ལོ་མེད། སྤྱི་ལོ་ ༢༠༢༢། རྩ་གཞུང་དང་མཁས་རིག་གོང་འཕེལ་ལས་ཁུངས། ཤེས་རིག་ལྷན་ཁག། ཐིམ་ཕུག།

༢༽   དགེ་འདུན་རིན་ཆེན། ལྷོ་འབྲུག་ཆོས་འབྱུང་བློ་གསར་རྣ་བའི་རྒྱན། གནམ་ལོ་ཆུ་བྱི། སྤྱི་ལོ་ ༡༩༧༢། རྫོང་ཁ་གོང་འཕེལ་ལྷན་ཚོགས། ཐིམ་ཕུག།