དབང་འདུས་རྩེ་ལྷ་ཁང་།

དབང་འདུས་རྩེ་ལྷ་ཁང་།

དབང་འདུས་རྩེ་ལྷ་ཁང་འདི་ འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཆབ་སྲིད་འཁོར་ལོ་བསྒྱར་བའི་ རྒྱལ་ས་ལྟེ་བ་ཐིམ་ཕུག་གི་མངའ་འོག་ལུ་ཡོད་པའི་ ཀ་ཝང་རྒེད་འོག་ནང་ལུ་ཆགས་ཏེ་ཡོདཔ་ཨིན། ཡ་མཚན་ཆེ་བའི་ལྷ་ཁང་འདི་མཇལ་ནིའི་དོན་ལུ་ དད་འདོད་ཅན་གྱི་མེ་སེར་ཕོ་མོ་ཚུ་གིས་ བདེ་ཆེན་ཕོ་བྲང་ལས་ཡར་གྱེན་འཛེགས་ཏེ་ དུས་ཡུན་སྐར་མ་ ༣༠ དེ་ཅིག་འགྱོཝ་ད་ ལྷ་ཁང་ལུ་ལྷོད་ཚུགསཔ་ཨིན། དེ་མ་ཚད་ ས་གནས་གཞན་ཁ་ལས་འགྱོ་ནིའི་དང་འདོད་ཡོད་རུང་ གཟི་ལུང་ཁ་དང་སངས་རྒྱས་སྒང་ཚུ་ལས་ཡང་ འགྱོ་སའི་ལམ་ཡོདཔ་ཨིན་པས།

འབྲུག་རྒྱལ་ཁབ་ནང་ ལྷ་ཁང་དང་རྫོང་གཞིས་ཚུ་མང་ཤོས་ར་སྔོན་བྱོན་དགེ་བ་གོངམ་ཚུ་གིས་ ལུང་བསྟན་དང་བསྟུན་ཏེ་བཞེངས་གནང་མི་ཙང་ཙ་ཨིན་མས། དེ་བཟུམ་སྦེ་དབང་འདུས་རྩེ་ལྷ་ཁང་ཡང་དད་པའི་ས་བོན་ (གནམ་ལོ་མེད་ ༢༠༡༣ ཤོག་གྲངས་ ༢༡༧) དང་འཁྲིལ་བ་ཅིན་ "ཟབ་དོན་ལྷུན་གྲུབ་རྩེའམ་དབང་འདུས་རྩེ་ལྷ་ཁང་འདི་ སྤྱ་ལོ་ ༡༧༡༥ ལུའམ་རབ་བྱུང་ ༡༢ པའི་ཤིང་ལུག་ལོར་ སྡེ་སྲིད་ཁྲི་རབས་བརྒྱད་པ་སྡེ་པ་རྒྱ་བོའམ་འབྲུག་རབ་རྒྱས་ཀྱི་དབུ་བླ་ མཁས་གྲུབ་བསྟན་འཛིན་དོན་གྲུབ་ཀྱིས་བཞེངས་གནང་ནུག།" ཟེར་ཨིན་པས། ཨིན་རུང་  ལྷ་ཁང་གི་ཁྱིམ་ཐོག་དང་ལྡེབས་རིས་ དེ་ལས་ཐང་ཀ་ཚུ་ སྤྱི་ལོ་ ༡༩༩༥ གི་ལོ་ལུ་ རླུང་འཚུབ་ཀྱི་གནོད་སྐྱེན་བཀལ་ཡོདཔ་པའི་ཤུལ་ མཇུག་ར་ ༢༠༢༠ གི་ལོ་ལུ་ ལོག་ཉམས་བཅོས་འབད་གནང་ཏེ་ཡོདཔ་ཨིན་མས།

ཤུལ་ལས་ དབང་འདུས་རྩེ་ལྷ་ཁང་འདི་ ཐིམ་ཕུག་རྫོང་དཔོན་ཚུ་དང་སྡེ་སྲིད་ཚུ་གིས་བཞུགས་གནས་ལུ་གྱུར་ཡོདཔ་མ་ཚད་ ཞབས་དྲུང་སྤྲུལ་སྐུ་གི་བཞུགས་གནས་ལུ་ཡང་གྱུར་ཏེ་ཡོདཔ་ཨིན། དེ་ཡང་ ཞབས་དྲུང་ཐུགས་སྤྲུལ་དང་པ་ འཇིགས་མེད་གྲགས་པ་མཆོག་ ཞིང་ལུ་མ་གཤེགས་པའི་ཧེ་མ་དབང་འདུས་རྩེ་ལུ་བཞུགས་ཡོདཔ་སྦེ་ཨིན་པས། དེ་གི་ཤུལ་ལས་ འབྲུག་གི་སྡེ་སྲིད་ཁྲི་རབས་ ༣༢ པ་དང་ ༣༦ པའི་ཁྲི་ཐོག་ལུ་བྱོན་མི་ སྡེ་སྲིད་ཆོས་སྐྱིད་རྒྱ་མཚོ་ཡང་དབང་འདུས་རྩེ་ལུ་བཞུགས་ཏེ་གཤགས་ཡོདཔ་མ་ཚད་ ཐིམ་ཕུག་རྫོང་དཔོན་ཀུན་བཟང་འཕྲིན་ལས་ཀྱི་སྒེར་གྱི་བཞུགས་གནས་སྦེ་ཡང་སྡོད་ཡོདཔ་སྦེ་ཨིན་པས།

དབང་འདུས་རྩེ་ལྷ་ཁང་འདི་ནང་ལུ་ དད་ཅན་གྱི་མི་སེར་ཚུ་གིས་སྐྱབས་འཚོལ་སའི་ནང་རྟེན་ཚུ་ཡང་ སྤྱིར་བཏང་ ལྷ་ཁང་དང་རྫོང་གཞིས་ཚུ་ནང་ལུ་ གདན་ས་བཅགས་གནང་མི་དང་ལུང་བསྟན་གནང་མི་ དེ་ལས་ས་གནས་འདི་ཁའི་གནས་བདག་ཚུ་གི་སྐུ་འདྲ་ཚུ་བཙུགས་སྲོལ་ཡོདཔ་བཟུམ་སྦེ ལྷ་ཁང་གི་འོག་ཐོག་ལུ་ནང་རྟེན་གཙོ་བོ་ སངས་རྒྱས་ཤཱཀྱ་ཐུབ་པ་དང་  དེའི་གཡས་ཧོངས་ལས་འཇམ་དཔལ་དབྱངས་དང་ གཡོན་ལས་སྤྱན་རས་གཟིགས་ཀྱི་སྐུ་འདྲ་ཚུ་མཇལ་ནི་ཡོདཔ་ཨིན། དེ་མ་ཚད་ ཚེ་རིང་མ་དང་དཔལ་ལྡན་ལྷ་མོ་ དེ་ལས་དཔལ་ཡེ་ཤེས་མགོན་པོའི་སྐུ་འདྲ་ཚུ་ཡང་མཇལ་ནི་ཡོདཔ་ཨིན་མས། ལྷ་ཁང་གི་སྟེང་ཐོག་ལུ་ཡོད་པའི་མགོན་ཁང་འདི་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ ༢༠ ག་ཆོས་སྲུང་ག་ར་ཡོདཔ་ལས་བརྟེན་ཏེ་ འདི་གིས་འབྲུག་རྒྱལ་ཁབ་འདི་ ཕྱོགས་ལས་རྣམ་པར་རྒྱལ་ཏེ་ཡོད་པའི་བརྡ་མཚོན་སྟོནམ་ཨིན་མས།

ལྷ་ཁང་འདི་ནང་ལུ་ རང་ཟླ་ ༦ པའི་ཚེས་ ༢༢ ལས་འགོ་བཟུང་སྟེ་ཉིན་གྲངས་ ༩ གི་རིང་ལུ་ཁག་ཆེ་བའི་རིམ་གྲོ་ཚུ་གཏང་སྲོལ་ཡོདཔ་མ་ཚད་ རྒྱལ་པོའི་བསྟན་མདོས། ལྷ་མོའི་བསྟན་མདོས། ཚེ་རིང་མའི་བསྟན་མདོས་དང་ གནས་རྟེན་བཅུ་དྲུག་གི་མཆོག་ག་ཚུ་གནང་སྲོལ་ཡོདཔ་ཨིན་མས། མདོར་བསྡུས་བ་ཅིན་ དབང་འདུས་རྩེ་འདི་འབྲུག་གི་ཆོས་སྲུང་ཡོངས་རྫོགས་བཞུགས་ཏེ་ཡོད་སའི་ལྷ་ཁང་གཅིག་འབདཝ་ལས་ རྩ་ཅན་ཅིག་ཨིན་པས།

རྒྱབ་རྟེན།

ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༣) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།

Orientalarchitecture.com. (n.d)  Wangditse Lhakhang. Retrived from:

https://www.orientalarchitecture.com/sid/1565/bhutan/thimphu/wangditse-lhakhang