དབང་འདུས་ཕོ་བྲང་རྫོང་། Wangdue Phodrang dzong
ངོ་སྤྲོད།
ཞུན་དགདེ་བསྒང་བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་འདི་སྤུ་ན་ཁ་འཆི་མེད་ལྷ་ཁང་ལུ་བཞུགསཔ་ད་ལུ་ ཨཔ་རྒན་རྒས་ཅིག་དང་ཕྱད་ཡོདཔ་ཨིན་མས། ཨཔ་དེ་གིས་དེ་བསྒང་ད་ལྟོ་དབང་འདུས་རྫོང་ཆགས་ཡོད་པའི་སྤོ་ཏོ་འདི་ གླངམོ་ཆེ་ཉལ་ཡོདཔ་བཟུམ་སྦེ་འགྲེལ་བཤད་རྐྱབ་ཞིནམ་ལས་ ཁོ་གིས་རི་འདི་གི་ཨོལ་ལྐོག་གུར་ཟམ་ཅིག་རྐྱབ་ཞིནམ་ལས་ རྒྱལ་ཁབ་གཅིག་ཁར་བསྡོམ་ནི་ཨིན་ཟེར་སླབ་ཡོདཔ་སྦེ་བཤདཔ་ཨིན་མས། ཞབས་དྲུང་རིན་པོ་ཆེ་གིས་ཨཔ་རྒན་རྒས་འདི་ཆོས་སྐྱོང་མགོན་པོ་མཧཱ་ཀ་ལ་ཨིནམ་སྦེ་ཆ་བཞག་སྟེ་ མི་ཡ་རབས་རིག་པ་སྤྱང་དྲགས་ཅིག་འབད་མི་ཅིག་ས་གོ་འདི་བརྟག་ཞིང་དཔྱད་པར་བཏང་ཡོདཔ་ཨིན་མས། མི་འདི་ས་གནས་ཀྱི་སྦོ་ལོགས་ཁར་ལྷོདཔ་ད་ བྱ་ཨོ་རོག་བཞི་འབད་མི་ཅིག་སྤོ་ཏོ་འདི་གུར་བསྐོར་ར་རྐྱབ་སྟེ་འཕུར་སྡོད་ས་མཐོང་ཡོདཔ་ཨིན་མས། ཁོ་སྤོ་ཏོ་དེ་གུར་ལྷོད་པའི་བསྒང་ལས་བྱ་བཞིཔོ་འདི་ཕྱོགས་བཞི་ལུ་འཕུར་འགྱོ་ས་མཐོང་ཞིན་ན་ དེ་ལས་ཁོ་འཆི་མེད་ལྷ་ཁང་ལོག་ལྷོད་དེ་ཞབས་དྲུང་རིན་པོ་ཆེ་ལུ་སྙན་ཞུ་འདི་ཕུལ་ནུག། ཞབས་དྲུང་རིན་པོ་ཆེ་གིས་བྱ་ཨ་རོག་ཕྱོགས་བཞི་ལུ་འཕུར་འགྱོ་ས་མཐོང་མི་འདི་རྟགས་མཚན་བཟང་པོ་ཅིག་ཨིནམ་མཁྱེན་ཞིན་ན་ སྤྱི་ལོ་ ༡༦༣༨ ལུ་ས་གནས་དེ་ཁར་དར་དཀར་ཆུ་དང་སྤུ་ན་གཙང་ཆུ་གཉིས་འཛོམས་ས་མཐོང་ཚུགས་པའི་ས་ཁར་ རྫོང་འདི་བཞེངས་ནི་འགོ་བཙུགས་གནང་ནུག།
བྱུང་རབས།
ཞུན་དགརྫོང་གསར་བཞེངས་ཀྱི་ལཱ་ཚུ་ཝང་དང་ཤར་དར་བརྒྱད་ཀྱི་མི་སེར་ཚུ་གིས་འབད་ནུག། རིན་ཆེན་སྒང་གི་མི་སེར་ཚུ་ལུ་ཉམས་མྱོང་ཅན་གྱི་རྡོ་བཟོ་ལེ་ཤ་ཡོད་ནི་དེ་གིས་རྫོང་གསར་བཞེངས་ཀྱི་ལཱ་ལུ་ཞབས་ཏོག་ལེ་ཤ་ཞུ་ནུག། རྫོང་འདི་ནང་ལུ་སྒོ་ལམ་གསུམ་དང་རྡོ་ཆལ་གསུམ་ཡོདཔ་ཨིན། སྒོ་དང་པའི་སྒོ་ར་གིས་འཛུལ་སྒོ་དང་དེ་ལས་སྒོ་གཉིས་པ་གིས་རྫོང་གི་མཚམས་ཁང་ནང་ལུ་ལྷོདཔ་ཨིནམ་དང་ གསུམ་པ་གིས་རྫོང་ནང་ན་གི་རྒྱལ་རབས་ཅན་གྱི་བཟོ་བཀོད་ཡོད་ས་ལུ་ལྷོདཔ་ཨིན་མས། (འབྲུག་རྒྱལ་རབས་དང་པར་རྟགས། གནམ་ལོ་མེད། སྤྱི་ལོ་ ༢༠༡༧)
རྫོང་འདི་ནུབ་ཕྱོགས་ཁ་ཐུག་ལུ་སྤུ་ན་གཙང་ཆུ་དང་ལྷོ་ཕྱོགས་ཁ་ཐུག་ལུ་ དར་དཀར་ཆུ་ཆུང་ཀུ་འདི་སྤུ་ན་གཙང་ཆུ་ནང་འབབ་མི་མཐོང་ཚུགས་པའི་ རི་སྣ་གུར་ཆགསཏེ་ཡོདཔ་ཨིན། རྫོང་འདི་ཞབས་དྲུང་རིན་པོ་ཆེ་གིས་སྤྱི་ལོ་ ༡༦༣༨ ལུ་བཞེངས་ཡོདཔ་དང་ དེ་ཡང་སྤུ་ན་ཁ་ལུ་ཀི་ལོ་མི་ཊར་དག་པ་ཅིག་ས་གོ་ཁར་བཞེངས་མི་སྤུ་ན་རྫོང་བཞེངས་ནི་དང་ཁ་ཐུག་རྐྱབ་ཡོདཔ་ཨིན་མས། ད་ལྟོ་དབང་འདུས་ཕོ་བྲང་ཆགས་ཡོད་སའི་ས་གོ་འདི་གནམ་མེད་ས་མེད་ཐབས་བྱུས་ཅན་གྱི་ས་གནས་ཅིག་སྦེ་གཟིགས་ཡོདཔ་དང་ དེ་ཁར་ཧེ་མ་དུས་རབས་ ༡༢ པའི་ནང་ལུ་ཞང་གཡུ་སྒྲ་གྲགས་པ་གིས་ས་གོ་འདི་བརྟག་ཞིབ་མཛད་པའི་ཐ་མར་ ཆུ་གཉིས་འཛོམས་ས་ལུ་རི་གླང་ཆེན་ཉལ་ཉལཝ་བཟུམ་གྱི་སྤོ་ཏོ་གུར་ ཤུལ་ལས་ནཱ་རོ་པའི་རྣམ་སྤྲུལ་གྱིས་ཕོ་བྲང་བཞེངས་ཏེ་ ལྷོ་ཕྱོགས་ཁ་ཐུག་ཟེར་འབྲུག་རྒྱལ་ཁབ་ནང་བདེ་སྐྱིད་སྤེལ་འོང་ཟེར་བའི་ལུང་བསྟན་གནང་ཡོདཔ་ཨིན་མས། དེ་ཡང་བོད་ཀྱི་རྒྱལ་ཁབ་ཀྱི་བླམ་ཞང་གི་གཟིམ་ཆུང་ནང་ལས་འབྲུག་རྒྱལ་ཁབ་འདི་ལྷོ་ཁ་ཐུག་ལུ་ཕོགཔ་ཨིན་མས།
དབང་འདུས་རྫོང་འདི་ལོ་དག་པ་ཅིག་གི་རྒྱབ་ལས་ སྡེ་སྲིད་བཞི་པ་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་རྒྱ་བསྐྱེད་མཛད་གནང་ཡོདཔ་ཨིན་མས། ཞབས་དྲུང་རིན་པོ་ཆེ་གིས་ཐོག་བཞི་འབད་མི་དབུ་རྩེ་བཞེངས་ཡོད་མི་གུར་ སྡེ་སྲིད་ཀྱིས་དོ་རུང་དབུ་རྩེ་ཐོག་གཉིས་བཀལ་ཡོདཔ་ཨིན་མས། རྫོང་བཟོ་སྐྲུན་གྱི་ལཱ་འདི་ཡང་རྫོང་དཔོན་དདགེ་འདུན་ཆོས་འཕེལ་གྱིས་ལྟ་རྟོག་འབད་ཡོད་པའི་ཁར་ དབང་འདུས་ཕོ་བྲང་གི་རྫོང་དཔོན་ ༦ པ་བསོད་ལྷུན་གྲུབ་ཀྱིས་རྫོང་འདི་ནང་གཞི་བཀོད་གསརཔ་བཀལ་ཏེ་སྟོན་པ་བཅོམ་ལྡན་འདས་ཀྱི་ སྐུ་འདྲ་ཅིག་ཡང་བཞེངས་ཏེ་གཞི་བཙུགས་གནང་ནུག། དུས་དང་འཁྲིལ་ཏེ་ས་གནས་ཀྱི་སྐུ་དྲག་ཅིག་གིས་རྫོང་འདི་ད་ལྟོ་ཁྲོམ་ཡོད་ས་ལུ་རྒྱ་བསྐྱེད་འབད་ནུག། དོ་རུང་ཝང་བཟོཔ་ཨ་ལྕོ་བོདཔ་ཟེར་མི་གིས་རྫོང་འདི་དོ་རུང་སྒྱུར་བཅོས་འབད་དེ་ ད་ལྟོའི་བཟོ་བཀོད་ཁར་བཞེངས་ཡོད་མི་འདི་སྤྱི་ལོ་ ༡༨༣༧ ལུ་མེ་རྐྱེན་སྦོམ་ཤོར་མི་དེ་གིས་མེདཔ་བཏང་ཡོད་པའི་ཤུལ་ལས་ལོག་བཞེངས་ཡོདཔ་ཨིན་མས། བླམ་གནས་བརྟན་དཔལ་ལྡན་སེངྒེ་གི་སྐབས་ལུ་ ས་ཡོམ་ཚབས་ཆེན་ཅིག་གིས་མེདཔ་བཏང་བའི་ཤུལ་ལུ་ལོག་བཞེངས་ཡོདཔ་ཨིན་མས། སྤྱི་ལོ་དང་སྤྱི་ཚེས་འདི་ཁ་གསལ་སྦེ་མ་ཤེས་རུང་རྫོང་ཉམས་གསོའི་ལཱ་ལུ་དམ་ཆུང་དེ་ཡང་གྲལ་གཏོགས་འབད་དེ་ཡོདཔ་ཨིན་མས། དེ་ལས་མི་དབང་འབྲུག་རྒྱལ་གསུམ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི་སྐབས་ལུ་ རྫོང་འདི་མགྲོན་གཉེར་པདྨ་དབང་འདུས་གིས་ལྟ་རྟོག་འོག་ལུ་ཉམས་གསོ་ཞུ་ནུག། རབ་སྡེ་འདི་རྫོང་བཞེངས་ཚརཝ་ཅིག་ཞབས་དྲུང་རིན་པོ་ཆེ་ཁོ་ར་གིས་གཞི་བཙུགས་མཛད་དེ་ ཤུལ་ལས་རྗེ་མཁན་སྐུ་ཕྲེང་ ༡༠ པ་བསྟན་འཛིན་ཆོས་རྒྱལ་གྱིས་དགེ་འདུན་གྱི་ཞལ་གྲངས་འདི་ཡར་སེང་མཛད་གནང་ནུག།
རྫོང་དང་ཟམ་པའི་ལོ་རྒྱུས་སྤྲོ་བ་ཆེ་ཏོག་ཏོ་འདི་ཡང་ཟམ་པ་འདི་རྫོང་བཞེངས་ཚར་བའི་ཤུལ་ལས་ རིན་ཆེན་སྒང་གི་གཡུས་ཚན་ལས་རྡོ་བཟོ་ཡོངས་གྲགས་ཅན་གྲགས་པ་གིས་ལམ་སྟོན་ཐོག་ལུ་རྐྱབ་ཡོདཔ་ཨིན་མས། ཆུ་རུད་ཉེན་སྲུང་གི་དོན་ལུ་ཟམ་པ་གི་རྨང་གཞི་སྦེ་ནང་ན་ལུ་མི་འཁྲུགས་པའི་ཆེད་དུ་དམིགས་ཏེ་མཎ་ཌལ་སྦེ་བཙུགས་ཏེ་ཡོདཔ་ཨིན། ཝང་ཟོཔ་ ༢༠ པ་དམ་ཆུང་གི་གནས་ཡུན་སྐབས་ལུ་ཟམ་པ་འདི་ཆུ་རུད་སྦོམ་ཅིག་གིས་ཆ་ཚང་སྦེ་འཕྱག་བདའ་ཡོད་རུང་ མཎ་ཌ་ལ་ཡོད་སའི་ས་གོ་འདི་ལུ་གནོད་རྐྱེན་ག་ནི་ཡང་མ་བྱུང་པར་ལུས་ཡོདཔ་ཨིན་མས། དེ་ཡང་རྫོང་དཔོན་དམ་ཆུང་གིས་ཚེས་བཅུ་ལུ་ལུང་ཕྱོགས་ནང་ལུ་མཛེས་ཆ་ནང་ལུ་ཡོངས་གྲགས་ཡོད་པའི་ རཀྴ་འཆམ་འདི་གིས་ཟམ་པའི་ཉམས་གསོའི་ལཱ་ལུ་བར་ཆད་མེད་པར་སྒྲུབ་ཚུགས་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་མས། ཆུའི་གདོན་འདི་འཆམ་འདི་དགའ་སྟོན་བརྩི་སྲུང་ལྟ་སྟེ་སེམས་ཡེངས་སྡོདཔ་ད་ལུ་ དམ་ཆོས་དང་ཕོ་སྐྱེས་བརྒྱ་ལྷགཔ་ཅིག་གཙང་ཆུ་ཁ་ཐུག་གཡིབ་སོང་ཞིན་ན་ ཟམ་པ་འདི་རྐྱབ་ཡོདཔ་ཨིན་མས། ཨིན་རུང་ཡང་ཆུའི་གདོན་དེ་གིས་ཤེས་ཞིནམ་ལས་ཆུ་སྦོམ་ག་དེ་ཅིག་བཏང་རུང་ཡང་ ཝང་ཟོཔ་དེ་གིས་རྨང་གཞི་འདི་སྒྲིང་སྒྲི་རྐྱབ་མི་འདི་རྩ་ལས་བརླག་འཁེལ་མ་ཚུགས་པས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
ཞུན་དག༡. རྩོམ་པ་པོ་མེད། གནམ་ལོ་མེད། སྤྱི་ལོ་ ༢༠༢༡། ཡོངས་འབྲེལ་ཁ་བྱང་། https://www.drukasia.com/bhutan/wangdue-phodrang/wangdue-dzong/