༉ དངུལ་རྩིས་ལྷན་ཁག་གཞི་བཙུགས་ཀྱི་གོམས་ཐེང་དང་པ་འདི་ སྤྱི་ལོ་ ༡༩༦༡ སྤྱི་ཟླ་ ༧ པའི་སྤྱི་ཚེས་ ༩ ལུ་རྒྱལ་ཡོངས་ཚོགས་འདུ་ཐེངས་ ༡༦ པ་ལས་འགོ་བཙུགས་ནུག དེ་ཡང་ཧེ་མའི་ཚོགས་འདུ་གི་གྲོས་ཆོད་ཚུ་ལུ་གཞི་བཞག་སྟེ ཚོགས་འདུའི་སྐབས་ རྒྱལ་རྩིས་ཁ་ལོ་བ'ཟེར་བའི་ དངུལ་རྩིས་དང་རྩིས་ཞིབ་ཚོགས་ཆུང་ཅིག་ གཞི་བཙུགས་འབད་ནུག།
རྒྱལ་རྩིས་ཁ་ལོ་བ་ཟེར་མི་ཚོགས་ཆུང་་དེ་ནང་ འཐུས་མི་བཞི་སྡོད་ནུག། དེ་ཡང་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་གཅིག་དང་ལྷན་རྒྱས་ཀྱི་སྐུ་ཚབ་གཅིག། མི་སེར་གྱི་སྐུ་ཚབ་གཅིག་དང་ གྲྭ་ཚང་གི་སྐུ་ཚབ་གཅིག་བཅས་བཞི་ཨིན། ཚོགས་ཆུང་འདི་གི་ལཱ་འགན་ཡང་གཙོ་བོ་ འོང་འབབ་དང་གཞུང་ཆས་ཚུ་ཚུལ་མཐུན་སྦེ་འཛིན་སྐྱོང་འཐབ་ནི་འདི་ཨིན་མས། གཞུང་གི་ཟད་འགྲོ་མ་བཏང་པའི་ཧེ་མ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་བཀའ་ཤོག་ཕྱག་བྲིས་མ་གཅིག་ངེས་པར་དགོ་པའི་ཁར་ ཟད་རྩིས་ཚུ་ཡང་འཐུས་མི་བཞི་གིས་མཉམ་འབྲེལ་ཐོག་འཛིན་སྐྱོང་འབད་དེ་སྡོད་ནུག། དེ་ལས་ལོ་ལྟར་གྱི་ཟད་རྩིས་དང་རྩིས་ཁྲ་གི་ཁ་གསལ་ཚུ་མི་དབང་མངའ་ཞབས་མཆོག་ལུ་ཕུལ་དོ་ཡོདཔ་ཨིན་མས།
རྫོང་ཁག་སོ་སོའི་འོང་བབས་ཚུ་ མི་དབང་མངའ་ཞབས་མཆོག་གིས་ཐུགས་འདོད་དང་བསྟུན་གོ་བཀྲམ་བཏང་དོ་ཡོདཔ་ཨིན་མས།
དེ་ལས་ཡར་རྒྱས་ཀྱི་འཆར་གཞི་མང་སུ་ཅིག་ཐོནམ་ལས་ སྤྱི་ལོ་ ༡༩༦༨ ལུ་བློན་པོ་གསརཔ་གཉིས་བསྐོ་བཞག་གནང་བའི་གྲས་ལས་ དྲག་ཤོས་ཆོས་རྒྱལ་འདི་ སྤྱི་ཚེས་ ༢༠/༠༥/༡༩༦༨ ལུ་ རྩིས་བློན་སྦེ་གསར་བསྐོས་གནང་ནུག།
རྩིས་བློན་བསྐོ་བཞག་གནང་བའི་ཤུལ་ལུ་ རྒྱལ་རྩིས་ཁ་ལོ་བའི་ལཱ་འགན་ཚུ་ དངུལ་རྩིས་ལྷན་ཁག་གིས་འབད་དེ་སྡོད་ནུག། དེ་གི་ཐོག་ཁར་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༣༠ པའི་ཤུལ་ལས་ དངུལ་རྩིས་ལྷན་ཁག་ལུ་ ཁྲལ་གྱི་རིགས་གསར་བཙུགས་དང་འབྲེལ་བའི་ཞིབ་འཚོལ་གྱི་འགན་ཁུར་ཚུ་བཀལ་ནུག། དེའི་ཤུལ་ ཚོགས་འདུ་ཐེངས་ ༣༣ པའི་སྐབས་ དངུལ་རྩིས་ལྷན་ཁག་ལུ་ འོང་བབས་ཀྱི་ལམ་ལུགས་ལེགས་ལྡན་གཅིག་བཟོ་ནིའི་འགན་ཁུར་ཡང་བཀལ་ནུག།
གོང་འཕེལ་དེ་དང་བསྟུན་ རྒྱལ་ཡོངས་ཚོགས་འདུ་ཐེངས་ ༣༤ པའི་སྐབས་ དངུལ་རྩིས་ལྷན་ཁག་གིས་ སྤྱི་ལོ་ ༡༩༧༡ ལོའི་ ཞི་གཡོག་འཆར་གཞིའི་ འོང་བབ་དང་ཟད་རྩིས་ཀྱི་སྙན་ཞུ་ཐེངས་དང་པ་འདི་ཕུལ་ཡོདཔ་ད་ ཚོགས་འདུ་གིས་གཏན་འབེབས་ཐོག་ལས་ ཆ་འཇོག་གྲུབ་གནང་ནུག།
སྤྱི་ལོ་ ༡༩༨༠ གི་སྔ་གོང་ལུ་འབད་བ་ཅིན་ དངུལ་རྩིས་ལྷན་ཁག་གིས་ ཞི་གཡོག་འཆར་དངུལ་རྐྱངམ་ཅིག་འཛིན་སྐྱོང་འཐབ་སྟེ་སྡོད་ནུག། ཕྱི་རྒྱལ་ལས་ཐོབ་པའི་ འཆར་གཞི་དང་གོང་འཕེལ་གྱི་མ་དངུལ་ཚུ་ག་ར་ འཆར་གཞི་ལྷན་ཚོགས་གིས་འབད་དེ་སྡོད་ནུག།
སྤྱི་ལོ་ ༡༩༧༡ ལོ་ལུ་ ཚོང་འབྲེལ་ལས་ཁུངས་གཅིག་གཞི་བཙུགས་འབད་ཡོདཔ་ད་ སྤྱི་ལོ་ ༡༩༧༨ ལུ་ ཕུན་ཚོགས་གླིང་དང་ཅེང་མ་རི་ བསམ་རྩེ་ སིབ་སུ་ གསར་སྤང་ ཀ་ལི་ཁོ་ལ་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ལུ་ ཚོང་མགྲོན་ཞིབ་དཔྱད་ཀྱི་སྒོ་ར་ཚུ་ཡང་གཞི་བཙུགས་འབད་ནུག།
ཧེ་མ་སྣུམ་འཁོར་དང་ ཅ་ཁྲལ་ འོང་འབབ་ཚུ་ སྡེ་ཚན་དང་ལས་ཁུངས་སོ་སོ་སྦེ་ཨིན། སྤྱི་ལོ་ ༡༨༩༢ ལོ་ལུ་ ཅ་ཁྲལ་དང་སྣུམ་འཁོར་ འོང་འབབ་ཚུ་འོང་འབབ་སྡེ་ཚན་ནང་བསྡབས་ནུག། སྤྱི་ལོ་ ༡༩༨༦ གི་སྔ་གོང་ལུ་ ཅ་དམ་ཡིག་ཚང་དང་འོང་འབབ་གཉིས་ སྡེ་ཚན་དང་ལས་ཁུངས་སོ་སོ་ཨིན།
སྤྱི་ལོ་ ༡༩༨༦ ལོ་ལུ་ འོང་འབབ་དང་ཅ་དམ་གཉིས་གཅིག་ཁར་བསྡབས་ཏེ་འོང་འབབ་དང་ཅ་དམ་ལས་ཁུངས་འདི་གཞི་བཙུགས་འབད་ནུག།
སྤྱི་ལོ་ ༢༠༠༤ ལུ་རྒྱན་ཤོག་ལས་ཁུངས་འདི་གཞི་བཙུགས་འབད་ནུག། དེའི་སྔ་གོང་ལུ་འོང་འབབ་དང་ཅ་དམ་ལས་ཁུངས་ཀྱི་འོག་ལུ་མདོ་ཆེན་ཞབས་ཏོག་ཡིག་ཚང་སྦེ་སྡོད་ནུག།
སྤྱི་ལོ་ ༡༩༨༠ ལུ་ གོང་འཕེལ་འཆར་དངུལ་འདི་དངུལ་རྩིས་ལྷན་ཁག་གི་འོག་ལུ་སྤོ་སོར་འབད་དེ་འཆར་དངུལ་ཡིག་ཚང་གསརཔ་ཅིག་གཞི་བཙུགས་འབད་ནུག། སྤྱི་ལོ་ ༡༩༨༥ ལུ་འཆར་དངུལ་ཡིག་ཚང་འདི་དངུལ་རྩིས་སྡེ་ཚན་ལྟེ་བ་ནང་བསྡབས་ཏེ་རྒྱལ་ཡོངས་འཆར་དངུལ་དང་རྩིས་ཁྲ་ལས་ཁུངས་ཟེར་མིང་གསརཔ་བཏགས་ནུག།
སྤྱི་ལོ་ ༡༩༩༢ ལུ་གྲོགས་རམ་འགོ་འདྲེན་གྱི་ལཱ་འགན་འདི་ འཆར་གཞི་ལྷན་ཚོགས་ལས་ དངུལ་རྩིས་ལྷན་ཁག་གི་འོག་ལུ་ཡོད་པའི་རྒྱལ་ཡོངས་འཆར་དངུལ་དང་རྩིས་ཁྲ་ལས་ཁུངས་ལུ་སྤོ་བཤུད་འབད་ནུག། རྒྱལ་ཡོངས་འཆར་དངུལ་དང་རྩིས་ཁྲ་ལས་ཁུངས་འདི་ རྒྱལ་ཡོངས་འཆར་དངུལ་དང་གྲོགས་རམ་འགོ་འདྲེན་སྡེ་ཚན་ཟེར་མིང་གསརཔ་བཏགས་ནུག།
སྤྱི་ལོ་ ༢༠༠༠ ལུ་གཞུང་གི་སྤྱི་སྡོམ་གཞི་སྒྱུར་གྱི་ཆ་ཤས་བཟུམ་ཅིག་སྦེ་ རྒྱལ་ཡོངས་འཆར་དངུལ་དང་གྲོགས་རམ་འགོ་འདྲེན་སྡེ་ཚན་འདི་ཁག་གཉིས་ལུ་གྱེས་ཏེ་ ལས་ཁུངས་སོ་སོ་གཉིས་སྦེ་བཟོ་ནུག། དེ་ཡང་ ་འཆར་དངུལ་དང་རྩིས་ཁྲ་ལས་ཁུངས་དང་ གྲོགས་རམ་དང་བུ་ལོན་འཛིན་སྐྱོང་ལས་ཁུངས་གཉིས་ཨིན་མས།
སྤྱི་ལོ་ ༢༠༠༣ ལུ་ གཞུང་གི་བཀའ་རྒྱ་དང་འཁྲིལ་ འཆར་གཞི་ལྷན་ཚོགས་འདི་མེདཔ་བཟོ་ཡོདཔ་ད་ དྲུང་ཆེན་ཡིག་ཚང་འདི་དངུལ་རྩིས་ལྷན་ཁག་ནང་སྤོ་བཤུད་འབད་དེ་འཆར་གཞི་ལས་ཁུངས་ཟེར་མིང་གསརཔ་བཏགས་ནུག།
གོང་གི་ལས་ཁུངས་ཚུ་མ་རྩིས་པའི་ དངུལ་རྩིས་ལྷན་ཁག་གིས་ འོང་འབབ་དང་ཅ་དམ་ལས་ཁུངས་དང་རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཚུ་ཡང་བལྟ་དོ་ཡོདཔ་ཨིན། དངུལ་རྩིས་ལྷན་ཁག་འོག་གི་ལས་ཁུངས་ཚུ་ཡང་ མང་རྩིས་ལས་ཁུངས་དང་འོང་འབབ་དང་ཅ་དམ་ལས་ཁུངས་ རྒྱ་ཁྱབ་དཔལ་འབྱོར་ལས་ཁུངས་ མདོ་ཆེན་ཞབསཏོག་ཡིག་ཚང་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ རྒྱལ་ཡོངས་འཆར་དངུལ་ལས་ཁུངས་ཚུ་ཨིན།

ཁུངས་གཏུག།

ཞུན་དག
  1. Wikipedia contributors. (2021). Ministry of Finance (Bhutan). In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Ministry_of_Finance_(Bhutan)&oldid=985570357