དགྲ་མེད་རྩེ་ལྷ་ཁང་། Drametse Lhakhang
ངོ་སྤྲོད།
ཞུན་དགདགྲ་མེད་རྩེ་ལྷ་ཁང་ཟེར་མི་འདི་འབྲུག་གི་རྒྱལ་ཁབ་ནང་ལུ་ཡོངས་གྲགས་ཅན་གྱི་ལྷ་ཁང་ཅིག་ཨིན། དེ་ཡང་དགྲ་མེད་རྩེ་ལྷ་ཁང་འདི་དུས་རབས་ ༡༦ པའི་ནང་ལུ་ཨ་ནེ་མཆོད་རྟེན་བཟང་མོ་གིས་བཞེངས་གནང་ཡོདཔ་ཨིན། དེ་ཡང་ཨ་ནེ་མཆོད་རྟེན་བཟང་མོ་འདི་འབྲུག་གི་གཏེར་ཆེན་པདྨ་གླིང་པའི་ཚམོ་མཆོག་གྱུར་ཅིག་ཨིན་མས། ཨ་ནེ་མཆོད་རྟེན་བཟང་མོ་འདི་དམ་པའི་ཆོས་ལུ་གཞན་དང་མ་འདྲ་བའི་དད་པ་དང་དག་སྣང་ཡོདཔ་བཞིན་དུ་ དམ་པའི་ཆོས་ལུ་ཧ་ཅང་གིས་བརྩོན་མི་ཅིག་ཨིན་རུང་ བུམ་ཐང་གི་ས་གནས་ཀྱི་རྒྱལ་པོའི་བཙུན་མོ་འབད་དགོ་པའི་གྲོས་འཆར་འདི་གིས་དམ་པའི་ཆོས་སྒྲུབ་ནི་ལུ་བར་ཆད་སྦོམ་འོང་ནི་ཨིནམ་གཟིགས་ཏེ་ བར་ཆད་འདི་བཟློག་ཐབས་ལུ་ཤར་ཕྱོགས་ཁ་ཐུག་ལུ་བྱོག་བྱོན་དགོ་པའི་ཐུགས་བཞེས་གནང་སྟེ་ བྱོག་བྱོན་ཡོདཔ་ཨིན་མས། དེ་ལས་ཨ་ནེ་འདི་ཤར་ཕྱོགས་ཀྱི་ས་གནས་ཚུ་ནང་སྐུ་མཚམས་བཅད་དེ་ཐུགས་དམ་ལུ་བཞུགས་ནིའི་དོན་ལུ་ ལུང་བསྟན་ཅིག་ག་ཏེ་ཡོད་ག་ས་གོ་འདི་གཟིགས་ནིའི་དོན་ལུ་ ས་ཆ་སྤོ་ཏོ་ཅིག་གུར་ཕེབས་ཏེ་གཟིགས་པའི་སྐབས་ལུ་ས་གནས་འདི་དགྲ་བྱང་ཕྱད་ཀྱིས་གནོད་པའི་སྣང་བ་ཆུང་ཀུ་ཅིག་ཡང་མེད་པར་ ས་ཆ་འདི་ག་ཏེ་ལྟ་རུང་ག་ནི་བ་ཉམས་དགའ་ཏོག་ཏོ་དང་སྐྱིད་ཏོག་ཏོ་ཡོདཔ་གཟིགས་ཞིན་ན་ ཨ་ནེ་མཆོད་རྟེན་བཟང་མོ་གིས་ཐུགས་དམ་ལུ་བོགས་འདོན་ཆེ་བར་གཟིགས་ཏེ་ ས་གནས་ཀྱི་མིང་ཡང་དགྲ་མེད་རྩེ་ཟེར་བཏགས་གནང་སྟེ་ ཤུལ་ལས་འབྲུག་རྒྱལ་ཁབ་ནང་ལུ་དགྲ་མེད་རྩེ་ཟེར་གནམ་མེད་ས་མེད་དར་ཁྱབ་སྦོམ་ཡར་སོ་ནུག། ལྷ་ཁང་འདི་ནང་ཨ་ནེ་གི་སྐུ་ཕུང་འདི་ད་ལྟོ་ཡང་ལྷ་ཁང་གི་ནང་རྟེན་གཙོ་བོ་ཅིག་སྦེ་བཞུགས་ཏེ་ཡོདཔ་མ་ཚད་ ཤར་ཕྱོགས་ཁ་ཐུག་ལུ་རྙིང་མའི་ཆོས་ལུགས་དར་ཁྱབ་བཏང་མི་ཅིག་ཨིན་མས།
བྱུང་རབས།
ཞུན་དགདགྲ་མེད་རྩེ་འདི་འབྲུག་རྒྱལ་ཁབ་ནང་ལུ་གནས་ཧ་ཅང་གིས་ཡ་མཚན་ཅན་དང་བྱིན་ཅན་སྦེ་བརྩི་དགོ་མི་འདི་ དྲིན་ཅན་གྱི་བླམ་དཔལ་ལྡན་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་རིམ་བྱུང་སྤྲུལ་སྐུ་གསུམ་གྱིས་ ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་གནང་ཡོདཔ་ཨིན། དེ་ཡང་སྤྱི་ལོ་ (༡༧༩༡-༡༨༣༠) ལུ་ཞབས་དྲུང་འཇིགས་མེད་གྲགས་པ་མཆོག་དང་ སྤྱི་ལོ་ (༡༨༣༡-༡༨༦༡) ལུ་ཞབས་དྲུང་འཇིགས་མེད་ནོར་བུ་དང་ དེ་ལས་སྤྱི་ལོ་ (༡༨༦༢-༡༩༠༤) ལུ་ཞབས་དྲུང་འཇིགས་མེད་ཆོས་རྒྱལ་གྱིས་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་གནང་ནུག། ལྷ་ཁང་འདི་ནང་ལུ་སྐུ་འབག་བཙུགས་ཏེ་སྐུ་འཆམ་ཚུ་ལོ་བསྟར་བཞིན་དུ་དུས་སྟོན་ཁག་ལེ་ཤ་ཅིག་ར་འགོ་འདྲེན་འཐབ་མི་ནང་ལས་ དགྲ་མེད་རྩེ་རྔ་འཆམ་འདི་རྒྱལ་ཁབ་ནང་ལུ་ཧ་ཅང་གིས་ཡོངས་གྲགས་ཅན་དང་མི་སེར་ཚུ་གིས་ཧ་གོ་མི་གི་འཆམ་སྐད་གྲགས་ཅན་ཅིག་ཨིན་མས།
ཡོངས་གྲགས་ཅན་གྱི་དགྲ༌མེད༌རྔ༌འཆམ༌འདི༌དུས༌རབས༌ ༡༦ པའི༌ནང༌ལུ༌གཏེར་ཆེན་གྱི་རྒྱལ་པོ་ པདྨ་གླིང་པའི་དི་བུ་རྗེ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་གནང་ཡོདཔ་ཨིན་མས། དེ་ཡང་རྗེ་ཀུན་དགའ་རྒྱལ་མཚན་འདི་ཚར་གཅིག་ཁོ་རའི་ཉམས་སྣང་ལུ་ གུ་རུ་རིན་པོ་ཆེ་གི་ཞིང་ཁམས་ཟངས་མདོག་དཔལ་རི་ལུ་ཕེབས་ཡོདཔ་ཨིན་མས། དེ་བསྒང་རྗེ་ཀུན་དགའ་རྒྱལ་མཚན་གྱིས་གུ་རའི་ཞིང་ཁམས་ཟངས་མདོག་དཔལ་རི་ལུ་ འ་ནཱི་སྐུ་འཆམ་འདི་གཟིགས་ཏེ་ ལོག་འཇིག་རྟེན་མི་ཡུལ་ལུ་བྱོན་ཏེ་རྗེ་ཀུན་དགའ་རྒྱལ་མཚན་གྱིས་ ཟངས་མདོག་དཔལ་རི་ལུ་གཟིགས་མི་སྐུ་འཆམ་ལུ་གཞི་བཞག་སྟེ་ དགྲ་མེད་རྩེ་ལུ་ དགྲ་མེད་རྩེ་རྔ་འཆམ་འདི་བརྩམས་གནང་ཡོད་མི་འདི་ ཤུལ་ལས་རྒྱལ་ཁབ་ནང་འཁོད་ལུ་དར་ཁྱབ་སྦོམ་སོང་ཡོདཔ་ཨིན་མས། རྗེ་ཀུན་དགའ་རྒྱལ་མཚན་འདི་ཨ་ནེ་མཆོད་རྟེན་བཟང་མོ་གི་ཕོ་རྒནམ་ཨིན་མས།
གཞན་སྐུ་འཆམ་ཚུ་ཡང་པད་གླིང་གཏེར་འཆམ་ཚུ་འ་ནཱི་དུས་སྟོན་ནང་རྐྱངམ་གཅིག་རྐྱབ་དོ་ཡོདཔ་ཨིན་མས། དེ་ལས་པད་གླིང་གིང་ཆེན་དང་རུས་སྦྱིན་དེ་ཡང་བྱིན་བསྲེག་གི་སྐབས་ལུ་གཏང་དོ་ཡོདཔ་དང་ དེ་ལས་གཤགས་པ་འདྲེ། ཙིའུ་དམར་ར་དང་སེར་དགྲ་ཚུ་རྐྱབ་དོ་ཡོདཔ་ཨིན་མས། འ་ནཱི་སྐུ་འཆམ་འདི་གིས་ང་བཅས་ར་མི་ཚུ་གི་འཇིག་རྟེན་པའི་སྣང་བ་ལས་གྲོལ་ཏེ་ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་འདི་ཨིན་མས། དེ་གི་དམིགས་ཡུལ་གཙོ་བོ་འདི་སེམས་ཅན་ཚུ་གི་ནང་ན་གི་སེམས་འདི་གྲོལ་བཅུག་ཐབས་ལུ་ཨིན་མས། འབྲུག་རྒྱལ་ཁབ་ནང་ལུ་གཏེར་འཆམ་ཚུ་གཙོ་བོ་ར་དགྲ་མེད་རྩེ་ལས་བྱུང་སྟེ་དར་ཁྱབ་སོང་ཡོདཔ་སྦེ་ཁས་ལེནམ་ཨིན་མས། དགྲ་མེད་རྩེ་འདི་པདྨ་གླིང་པའི་གདུང་བརྒྱུད་ཀྱི་གདན་ས་གཙོ་བོ་ཅིག་ཨིནམ་མ་ཚད་ ཤར་ཕྱོགས་ཀྱི་ནང་པའི་ཆོས་དང་ལམ་སྲོལ་གྱི་ལྟེ་བ་ཅིག་ཡང་ཨིན་མས། དེ་ཡང་དགྲ་མེད་རྔ་འཆམ་འདི་ སྤྱི་ལོ་ ༢༠༠༥ ལུ༌ཡུ་ནིསི་ཀོ་དང་འཁྲིལཝ་ད་འཛམ་གླིང་སྲོལ་ཁྱུན་གྱི་མཆོག་གྱུར་ལག་ཤུལ་ཅིག་སྦེ་ཆ་བཞག༌ཡོདཔ་ཨིན་མས། (འབྲུག་གི་ལཏ་བཤལ་ཚོང་འབྲེལ་ཚོགས་པ། གནམ་ལོ་མེད། སྤྱི་ལོ་མེད།)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
༡. འབྲུག་གི་ལཏ་བཤལ་ཚོང་འབྲེལ་ཚོགས་པ། གནམ་ལོ་མེད། སྤྱི་ལོ་མེད། ཡོངས་འབྲེལ་ཁ་བྱང་། https://web.archive.org/web/20240227101733/https://abto.org.bt/destinations/mongar/