དགེ་བསྙེན་གྱི་བསངས་མཆོད།

༄༅། །དགེ་བསྙེན་ཇག་པ་མེ་ལེན་གྱི་བསང་མཆོད་བཞུགས་སོ།།

༈ མི་གཙང་སེལ་ཐབས་བསང་མཆོད་ནི། །བདུད་རྩི་ཅན་གྱི་ཤིང་སྤྱི་དང་། ཁྱད་པར་ལྷ་ཤིང་ཤུག་པ་ལ། །དཀར་གསུམ་མངར་གསུམ་དར་སྣ་དང་། རིན་ཆེན་ལྔ་དང་ར་ཡི་ཤ། །རྫས་མཆོག་ར་ས་ཡ་ན་བཅས། །སྦྱར་ནས་ནམ་མཁའ་མཛོད་སྔགས་ཀྱི། །རྒྱ་ཆེར་སྤེལ་ཅིང་མེ་སྦར་ནས། །སྙན་པའི་དབྱངས་བཅས་འདི་སྐད་དོ། །ཀྱེེ༑ སྟོང་གསུམ་སྤྱི་ཕུད་འདྲེན་མཆོག་སྟོང་རྩ་ཡི། །གདུལ་བྱའི་ཞིང་ཁམས་འཛམ་བུ་པྲིཀྵའི་ལྗོངས། །བྱང་ཕྱོགས་གང་རི་རྩེ་དགུའི་མུ་ཁྱུད་དུ། །བསྟན་པའི་བཀའ་སྲུང་དྲག་ཤུལ་ཕྲིན་ལས་ཅན། །པདྨ་རཱ་ག་ཞུན་མའི་མདངས་འཚེར་བ།།བཙན་གྱི་སྡེ་དཔོན་ལྷ་ཡི་དགེ་བསྙེན་ཆེ། །མོན་པ་དམར་པོ་ལྕམ་དྲལ་བཀའ་སྡོད་བཅས། །དུར་ཁྲོད་བརྒྱད་དང་ཉི་ཤུ་རྩ་བཞིའི་ཡུལ། །སུམ་རྩེ་གནས་མཆོག་ལྷུན་པོའི་བང་རིམ་བཞི། །རྡོ་རྗེ་གདན་དང་བོད་ཡུལ་ཆོས་འཁོར་དབུས། །ཟབ་ཡངས་དཔལ་གྱི་བསམ་ཡས་གཙུག་ལག་ཁང་། །མཆིམས་ཕུ་ཤེལ་བྲག་ཏི་སེ་གངས་ཀྱི་རི། །སྤུ་རི་རྒྱ་ལ་མོན་གྱི་ཐིམ་ཡུལ་ཕུག། །བདུད་ཡུལ་ཁ་རག་མོན་ཡུལ་དུང་ལ་དཀར། །གཞན་ཡང་བླ་མ་དགོངས་མའི་གདན་ས་སོགས། །གང་དུ་ བཞུགས་ཀྱང་མ་ཐོགས་ལ་འུར་གཤེགས། །འདི་ན་ཏིང་ངེ་འཛིན་དང་ཕྱག་རྒྱ་ཡི། །བྱིན་གྱིས་བརླབས་པའི་གྲིབ་སེལ་བསང་གི་རྫས། །འཆི་མེད་བདུད་རྩི་ཅན་གྱི་ཤིང་མཆོག་ལ། །སྲེག་བྱེད་འབྱུང་བ་མེ་ཡི་འདུ་འཕྲོད་ཀྱིས། །གྲིབ་སེལ་དུད་པའི་སྤྲིན་དཀར་གནམ་དུ་འཕྱོ། །དཀར་དམར་དར་ཟབ་རིན་ཆེན་རྣམ་པ་ལྔ། །ཁྱད་པར་བཅུད་ལྡན་ཚེ་ཚེའི་མཾ་ས་ལ། །སྣང་སྲིད་ཞི་བ་ཆེན་པོ་རཱ་ས་ཡ། །སྦྱར་བའི་བདུད་རྩི་སྨན་མཆོག་དམ་པ་འདིས། །བདག་ཅག་ཚོར་དང་མ་ཚོར་རྐྱེན་དབང་གིས། །སྡིག་སྒྲིབ་ཉམས་གྲིབ་འཁོན་གྲིབ་བཙོག་གྲིབ་དང་། །རོ་གྲིབ་བག་གྲིབ་མགར་གྲིབ་བཤན་པའི་གྲིབ། །དམེ་མནོལ་ཐབ་གཞོམ་ཡུག་དང་ངལ་ཡམས་དང་། །བྱུར་ཆག་ལ་སོགས་མདོར་ན་སྣང་སྲིད་ཀྱི། །གྲིབ་དང་མི་གཙང་ཉམས་ཆགས་དྲི་མའི་ཚོགས། །སྣང་སྲིད་ཞི་བ་ཆེན་པོའི་རྫས་མཆོག་གིས། །ཡོངས་སུ་དག་ནས་སྤྲིན་བྲལ་ནམ་མཁའ་ལྟར། །ཆོས་སྐྱོང་འཁོར་བཅས་ཐུགས་དམ་བསྐང་གྱུར་ཅིག །མེ་དཔུང་རི་ལྟར་འབར་བའི་མེ་ལྕེའི་རྩེར། །ཕྱི་ནང་གསང་བའི་མཐུན་རྫས་བརྟེན་པའི་རྫས། །མཆོད་པའི་རྫས་ཀྱི་ཆོ་འཕྲུལ་གཡོ་བ་ཡིས། །དགྱེས་ཤིང་ཚིམ་ནས་ཉམས་ཆག་སོས་གྱུར་ཅིག །མེ་སྟག་ཚྭ་ཚྭ་འཕྲོ་བའི་ནུས་པའི་གཟིས། །མནོལ་ཆག་མི་གཙང་གྲིབ་ཀྱི་རིགས་ཀུན་དང་། །ལོག་འདྲེན་གྲིབ་བདག་ཕོ་མོའི་ཚོགས་དང་བཅས། །མིང་ཙམ་མེད་པར་རྡུལ་དུ་བརླབ་གྱུར་ཅིག །དུ་བས་སྟོང་གསུམ་མ་ལུས་ཀུན་ཏུ་ཁྱབ། །མདོར་ན་སྣང་སྲིད་སྣང་བའི་ཆོས་སོ་ཅོགམ་དག་ཀུན་སྦྱངས་དག་པ་རབ་འབྱམས་ཀྱི། །དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ༔ ཅི་མང་བརྗོད། ཀྱེེ༑ སྦྱིན་སྲེག་མཆོད་པའི་རྫས་མཆོག་བླ་ན་མེད། །ནམ་མཁའ་མཛོད་ཀྱི་རོལ་མོར་བྱིན་བརླབས་པའི། །གྲིབ་སེལ་བསང་གི་མཆོད་པ་དམ་པ་འདིས། །རྒྱུད་གསུམ་བླ་མ་རིག་འཛིན་ཚོགས་བཅས་བསང་། །སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལྷ་ཚོགས་བསང་། །མཁའ་འགྲོ་སྡེ་ལྔ་འབུམ་ཕྲག་འཁོར་བཅས་བསང་། །དཔལ་མགོན་སྲུང་མ་ཕོ་རྒྱུད་མོ་རྒྱུད་བསང་། །གནས་ཡུལ་གཞི་ཡི་བདག་པོ་འཁོར་བཅས་བསང་། །ཁྱད་པར་རྒྱལ་བའི་བསྟན་སྲུང་མཐུ་རྩལ་ཅན། །ལྷག་པའི་ལྷ་མཆོག་ཕྲིན་ལས་གློག་གི་བདག །མ་ལྟར་བྱམས་ཤིང་སྲིང་ལྟར་སྙིང་ཉེ་བ། །དགེ་བསྙེན་ཆེན་པོ་རྡོ་རྗེ་དགྲ་འདུལ་བསང་། །གདུང་པ་སྙིང་འབྱིན་དགྲ་དཔུང་ཚར་གཅོད་བསང་། །ཚངས་པ་དཀར་པོ་ལྷ་ཡི་དམག་དཔོན་བསང་། །བསྭཱ་ཡི་ཁྲག་ཅན་གཉན་གྱི་སྡེ་དཔོན་བསང་། །སྐྱེས་བུ་ཀླུ་བདུད་ནཱ་ག་རཱ་ཛ་བསང་། །མེ་ཡི་འཁོར་ལོ་ཟན་ཡངས་གནས་སྲུང་བསང་། །རྫོང་བཙན་དམར་པོ་གཏེར་གྱི་བདག་པོ་བསང་། །བསྲྭེ་ཡི་སྐྱེས་བུ་ཕུར་པའི་སྲུང་མ༴། བྲག་བཙན་དམར་པོ་རྗེ་ཡི་འཁྲུངས་ལྷ༴ །གྲིབ་བཙན་དམར་པོ་ཆོས་འཁོར་སྲུང་མ༴ །རྡོ་རྗེ་འབར་བ་གངས་བཙན་ཆེན་པོ༴ །མཛོད་ལྔའི་བདག་པོ་གནོད་སྦྱིན་དམར་པོ་བསང༴ །ཇག་པ་མེ་ལེན་གཤིན་རྗེའི་ལས་མཁན༴ ཨབ་སེ་ཆེན་པོ་བོན་གྱི་སྲུང་མ༴ །སྐུ་ཡི་སྤྲུལ་པ་འགུགས་བྱེད་ཆེན་པོ་བསང་། །གསུང་གི་སྤྲུལ་པ་སྲོག་གཅོད་ཆེན་པོ་བསང་། །ཐུགས་ཀྱི་སྤྲུལ་པ་སྒྲོལ་བྱེད་ཆེན་པོ༴ །བདེ་སྟོང་གཉིས་མེད་ཡུམ་ཆེན་སྨན་མོ༴ །གཞན་ཡང་ས་བཙན་ཆུ་བཙན་མེ་ཡི་བཙན། །རླུང་བཙན་ནམ་མཁའི་བཙན་དང་བྲག་གི་བཙན། །གཡའ་བཙན་དམུ་བཙན་ལ་སོགས་སྣང་སྲིད་ཀུན། །ཡོམ་ཡོམ་གང་བའི་བཙན་གྱི་དམག་ཚོགས༴ །གསོལ་ལོ་མཆོད་དོ་གོ་གྱོན་མཚོན་ཐོགས་ལ། །ལས་ལ་བསྐུལ་ལོ་དམ་ཉམས་དགྲ་ལ་གཟིར། །ཕྱེ་ཡ་ཕྱོ་ཡ་སྲོག་གི་སྟེང་དུ་འཕྱོ། །སྒྲེང་སྒྲེང་སྙིང་རྩ་དམར་པོའི་རྩ་ལ་སྒྲེང་། །བསྟན་པའི་དགྲ་བོ་མི་རབས་དགུ་རྒྱུད་བཅས། །བཙན་གྱི་ཟས་སུ་གཏང་དོ་ཧབ་ཧབ་ཏུ། །སྣང་སྲིད་བཙན་དམག་ཡོངས་ཀྱི་ལྷག་མེད་རོལ། །བདག་གི་ནད་གདོན་བར་ཆད་མ་ལུས་དང་། །གྱུར་ཆགས་ཉེས་གྱུར་མི་གཙང་དྲི་མའི་རིགས། །ཞི་བ་བསངས་ཀྱི་མཆོད་པ་དམ་པ་འདིས། །མ་ལུས་མིང་ཙམ་མེད་པར་དག་གྱུར་ཅིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་དང་། །སྙན་གྲགས་སྟོབས་དང་བུ་ནོར་གཟི་བརྗིད་དང་། །འཁོར་དང་ལོངས་སྤྱོད་འདོད་དགུའི་དཔལ་ཡོན་ཀུན། །དབྱར་གྱི་ཆུ་གཏེར་དབྱེར་མེད་རྒྱས་པར་མཛོད། །ཁམས་གསུམ་སྲིད་གསུམ་རྒྱལ་བློན་བཙུན་མོ་དང་། །དགེ་བའི་བཤེས་དང་དགེ་བའི་གྲོགས་དམ་པ། །མི་ནོར་ཟས་སོགས་ལེགས་ཚོགས་ཡོད་དོ་ཅོག །རང་དབང་མེད་པར་སྣང་བ་དབང་དུ་སྡུས། །ཞིང་བཅུ་ཚང་བའི་བསྟན་པའི་སྤྱི་དགྲ་དང་། །སྙིང་ནས་འགྲན་པའི་ཆགས་སྡང་ཅན་གྱི་དགྲ། །དཀོར་ལ་འཇབ་པའི་ཁྲེལ་མེད་རྐུན་པོ་སོགས། །གང་དུ་འདུལ་ཀྱང་དྲག་པོའི་མཐུ་ཡིས་སྒྲོལ། །མཆོག་གསང་ཐེག་པའི་ཡང་རྩེ་དཀར་རྙིང་གི། །བསྟན་པ་རིན་ཆེན་ཉི་ཟླའི་སྒྲོན་མེ་ཡི། །སྣང་བ་རྟ་གདོང་ཁོར་ཡུག་ཚུན་ཆད་དུ། །འབད་རྩོལ་མེད་པར་རྒྱས་པའི་ཕྲིན་ལས་སྒྲུབས། །ཆོས་འཁོར་གནས་འདིར་གངས་ལ་སེང་གེ་བཞིན། །ལྷ་ཁྱོད་མི་འབྲལ་རྟག་པར་གནས་བཅས་ཏེ། །ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར། །དགོས་པའི་དོན་ཀུན་མ་བཅོལ་ན་ཡང་སྒྲུབས། །འདུས་པའི་གནས་འདིར་ནགས་དང་རྒྱ་སྟག་བཞིན། །ལྷ་ཁྱོད་མི་འབྲལ་རྟག་པར་གནས་བཅས་ཏེ། །ཡིད་ལ་བརྣག་པའི་དམ་ཉམས་དགྲ་སྡེའི་ཚོགས། །མ་བསྐུལ་ན་ཡང་སྲོག་དབུགས་ཞལ་དུ་རོལ། །གནས་པའི་གཞི་འདིར་བྲག་དང་མཁའ་ལྡིང་བཞིན། །ལྷ་ཁྱོད་མི་འབྲལ་རྟག་པར་གནས་བཅས་ཏེ། །མ་རུངས་ལྟོ་འགྲོ་ལྕེ་གཉིས་འགལ་འབུའི་དཔུང་། །སྐད་ཅིག་ཉིད་དུ་ལུས་སེམས་དུམ་བུར་ཐོངས། །སྒྲུབ་པའི་གནས་འདིར་སྤྲིན་དང་གཡུ་འབྲུག་བཞིན། །ལྷ་ཁྱོད་མི་འབྲལ་རྟག་པར་གནས་བཅས་ཏེ། །བསྒྲལ་བའི་ཞིང་ས་དུག་གི་མྱུ་གུའི་ཚོགས། །མངོན་སྤྱོད་ཐོག་སེར་དྲག་པོས་ཐལ་བར་རློག །ཕྱོགས་བཅུའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་དང་། །རྟ་དང་བ་གླང་གཡག་ལུག་ནོར་གྱི་གཏེར། །མངོན་མཐོའི་བསམ་འཕེལ་རྒྱལ་མཚན་ནོར་བུའི་གཟིས། །ཅི་འདོད་ཕྱག་ཡང་འབད་མེད་ལྷུག་པར་ཁུག། དབུ་འཕང་བསྟོད་དོ་ཆོས་སྐྱོང་མེ་འོད་འབར། །ཀི་བསྭ་གསོལ་ལོ་སྲིད་གསུམ་སྲོག་གི་བདག །བསང་ངོ་མཆོད་དོ་དགྱེས་པའི་ཞལ་རས་སྟོན། །ཀི་ཀི་བསྭོ་བསྭ་ཆའོ་ལྷ་རྒྱལ་ལོ། །ཞེས་བསང་ཞིང་ཕྲིན་ལས་བཅོལ་བར་བྱའོ། །