དཀོན་མཆོག་གསུམ་ལྷ་ཁང་། Ι Koenchosum Monastery

དཀོན་མཆོག་གསུམ་ལྷ་ཁང་།

ཞུན་དག

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གཅིག་ཏུ་བསྡུས་པའི་བདག་ཉིད་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཞབས་ཀྱི་བཅགས་བྱིན་གྱིས་བརླབས་གནང་བའི་གནས་ཆེན་ལེ་ཤ་ཡོད་པའི་གྲལ་ལས་དཔལ་ལྡན་འབྲུག་པའི་གདུལ་ཞིང་སྨན་ལྗོང་འབྲུག་གི་རྒྱལ་ཁབ་དང་ཁྱད་པར་དུ་བུམ་ཐང་ལུ་གནས་ཆེན་དང་གཙུག་ལག་ཁང་སོགས་ཁྱད་པར་ཅན་མང་རབས་ཅིག་ཡོདཔ་ལས་གཅིགཔོ་འདི། བུམ་ཐང་རྩེ་ལུང་ལྷ་ཁང་དང་ཡང་ན་ཆོས་འཁོར་ལྷ་ཁང་ཟེར་ད་རེས་ནངས་པ་ཡོངས་གྲགས་ལུ་དཀོན་མཆོག་གསུམ་ལྷ་ཁང་ཟེར་མི་འདི་ཨིན་མས།

བཙུན་དྲེད་ངག་དབང་ཆོས་ལེགས། དཀོན་མཆོག་གསུམ་ལྷ་ཁང་གི་གནས་ཡིག (རང་ལུགས་གནམ་ལོ་ལྕགས་འབྲུག་ཆུ་སྟོད་ སྤྱི་ལོ་མེད) ‘‘གཏེར་སྟོན་བོན་པོ་དྲག་རྩལ་གྱིས། རྫོགས་ཆེན་གུ་རུ་བཞི་པ། གུ་རུ་བཞིའི་ལོ་རྒྱུས་ཤྲཱིར་སིདྷའི་རྫོགས་རིམ་བླ་མ་དམར་ཁྲིད་སོགས་གཏེར་ནས་བཞེས། སྔོན་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་གུ་རུ་རིན་པོ་ཆེར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མ་འོངས་པ་བུམ་ཐང་གི་དར་རྒུད་ཇི་ལྟར་བྱུང་ལུང་བསྟན་དུ་གསོལ་ཞུས་པར། གུ་རུ་རིན་པོ་ཆེས། བུམ་ཐང་མཐིལ་དུ་སྲིན་མོ་གན་རྐྱལ་དུ་ཉལ་འདྲའི་རི་གཅིག་ཡོད་ཅིང་། དེའི་རྐང་གཡོན་རྩེར་དམ་སྲི་དང་ལྷ་འདྲེ་ཚོགས་པའི་གནས་ཡོད་པས། དེ་ལ་ལྷ་ཁང་དབུ་རྩེ་དང་རིགས་གསུམ་དང་བཅས་པ་ཞིག་བཞེངས་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་སུ་བསམ་ཡས། ལྷག་པར་དུ་བུམ་ཐང་གི་བསྟན་པའི་སྲོག་ཤིང་དུ་འགྲོ་ཞེས་ལུང་བསྟན་པ་ལྟར། དུས་རབས་དགུ་པའི་ནང་ཆོས་རྒྱལ་ཁྲི་སྲོང་གིས་ཡར་ལུང་སྦ་མི་ཁྲི་ཞེར་ཟེར་བུམ་ཐང་དུ་ལྷ་ཁང་བཞེངས་པར་བཏང་གནང་ཞིང་གུ་རུ་རིན་པོ་ཆེ་བྱོན་ནས། ལྷ་ཁང་གི་བཟོ་དབྱིབས་སོགས་ཞལ་བཀོད་མཛད་དེ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས’’ དེ་ལས་ཚུར་ གཙུག་ལག་ཁང་གི་མཚན་དེ་ཡང་བུམ་ཐང་རྩེ་ལུང་ལྷ་ཁང་ཟེར་དར་ཁྱབ་སོང་ནུག། དེ་གི་ཤུལ་ལས་སྤྱི་ལོ་༡༤༧༩ འི་ལོ་འདི་ནང་གཏེར་སྟོན་རིག་འཛིན་པདྨ་གླིང་པ་ལུ། ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་གཙུག་ལག་ཁང་དེ་ཞིག་གསོ་གྱིས་ཤིག་ཟེར་ལུང་བསྟན་གནང་བ་ལྟར། གཏེར་སྟོན་རིག་འཛིན་པདྨ་གླིང་པ་གིས་བུམ་ཐང་གཏམ་ཞིང་གི་སྦྱིན་བདག་འདི་ཚུ་བསྐུལ་ནས་ལོ་གཉིས་ཀྱི་ནང་འཁོད་ལུ་རབ་གནས་དང་བཅསཔ་སྦེ་སྒྲུབ་གནངམ་ལས་བརྟེན་གཙུག་ལག་ཁང་དེ་གི་མིང་ཡང་ཆོས་འཁོར་ལྷ་ཁང་ཟེར་དར་ཁྱབ་སོང་ནུག།

དེ་ལས་ཆོས་འཁོར་ལྷ་ཁང་ནང་ལུ་ནང་རྟེན་འདས་པའི་སངས་རྒྱས། ད་ལྟ་བའི་སངས་རྒྱས། མ་འོངས་པའི་སངས་རྒྱས་གསུམ་གྱི་སྐུ་འདྲ་རྒྱུ་ལི་མ་ལས་སྒྲུབ་འདི་ཡོད་པས། དུས་གསུམ་སངས་རྒྱས་ཀྱི་སྐུ་འདྲ་ཡོད་པའི་རྒྱུ་མཚན་འདི་ལུ་བརྟེན་ཤུལ་ལས་བུམ་ཐང་གི་མི་སེར་ཚུ་གིས་ལྷ་ཁང་གི་མིང་ཡང་། དཀོན་མཆོག་གསུམ་ལྷ་ཁང་ཟེར་དར་ཁྱབ་བཏངམ་ལས་ད་ལྟོའི་བར་ན་ཡང་དཀོན་མཆོག་གསུམ་ལྷ་ཁང་ཟེར་དར་ཁྱབ་སོང་དེ་འདུག(སློབ་དཔོན་ཡོན་ཏན་མཐའ་ཡས། འགྲུལ་འཕྲིན་ཐོག་ལས) སྤྱི་ལོ་༢༠༠༨ ཚུན་བུམ་ཐང་གཏམ་ཞིང་མི་སེར་ཚུ་གིས་བདག་འཛིན་འཐབ་སྟེ་ཡོད་རུང་། དེ་ལས་མི་སེར་ཚུ་གིས་སྐྱབས་རྗེ་གསུང་སྤྲུལ་རིན་པོ་ཆེ་ལུ་ཕུལ་ཞིནམ་ལས་བཤད་གྲྭའི་སྡེ་འགོ་བཙུགས་གནང་ལས་ད་ལྟོའི་བར་ན་ཡང་ཐོས་བསམ་འབད་སའི་བཤད་གྲྭའི་སྡེ་དེ་ཡོངས་གྲགས་སོང་འདི་ར་ཡོདཔ་ཨིན།

དཀོན་མཆོག་གསུམ་ལྷ་ཁང་དེ་ འབྲུག་རྒྱལ་ཁབ་ནང་ལུ་ལྷ་ཁང་འདི་ཚུའི་ནང་ལས་ རྩ་ཅན་དང་རྙིང་ཤོས་ཅིག་ཨིནམ་ལས། དེ་ཡང་ཨོ་རྒྱན་གུ་རུ་རིན་པོ་ཆེ་ཁོ་ར་སྐུ་དངོས་སུ་བྱོན་དེ་ ས་སླང་གི་རྟེན་འབྲེལ་དང་ལྷ་ཁང་གི་བཟོ་དབྱིབས་ལ་སོགས་པ་ ཞལ་བཀོད་དང་འཁྲིལ། སྦ་མི་ཁྲི་ཞེར་གྱིས་བཞེངས་གནང་མི་དེ་ ལོ་ངོ་མང་རབས་ཅིག་གི་ཤུལ་ལས་ ང་བཅས་ཀྱི་མཆོདཔ་ཕུལ་སའི་ཡུལ་སྦེ་མཇལ་ཚུགས་མི་འདི་ སྐལ་བ་བཟངམ་ལས་ ཤུལ་ལས་འབད་རུང་ རྡོ་རྗེ་ལྟ་བུ་བཟུམ་སྦེ་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ གནས་བཅུག་ཟེར་བའི་སྨོན་ལམ་བཏབ་ནི་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

ཞུན་དག

དཀོན་མཆོག་གསུམ་ལྷ་ཁང་གི་གནས་ཡིག

བཙུན་དྲེད་ངག་དབང་ཆོས་ལེགས།

འགྲུལ་འཕྲིན་ཐོག་ལས། སློབ་ཡོན་ཏན་མཐའ་ཡས།