ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་། Nyizergang Gedhuenling Monastery
ཕོབ་སྦྱིས་ཁའི་ལུང་གཤོང་འདི་ལ་ཆེན་དགུ་ རི་རྩེ་དགུ་ ཡུལ་ལྷ་བཙན་ཆེན་དགུ་གིས་བསྐོར་ཏེ་ཡོདཔ་ཨིན་ཟེར་བཤདཔ་ཨིན་པས། ལུང་གཤོང་འདི་གི་ཕྱོགས་བཞི་ལུ་ སངས་རྒྱས་གཉིས་པ་ཕ་མེད་མ་མེད་རང་འབྱུང་སྤྲུལ་པའི་སྐུ་ ཨུ་རྒྱན་གུ་རུ་རིན་པོ་ཆེ་གིས་སྦས་གནས་བཞི་ཡོད་མི་དེ་ཡང་ ཝང་རྒྱས་སྟེང་གཟའ་མཆོག་རྒྱལ་པོ་ར་ཧཱུ་ལའི་སྒྲུབ་གནས་། ཡུལ་ལྷ་སྒང་ལུ་གུ་རུ་དྲག་པོའི་སྒྲུབ་ཕུག་ཡོདཔ་མ་ཚད་ ཚོད་ཞིང་གླག་ལུ་ཕུར་པའི་སྒྲུབ་ཕུག་དང་ མཐོ་བའི་ལ་འདི་འཆི་མེད་ཚེའི་སྒྲུབ་གནས་ཚུ་ཡོདཔ་ཨིན་མས།
དེ་བཟུམ་སྦེ་ཕོབ་སྦྱིས་རྒེད་འོག་ནང་ལུ་ ཉི་ཟེར་ལྷ་ཁང་དགེ་འདུན་ཆོས་གླིང་ལྷ་ཁང་འདི་ ཡོངས་གྲགས་ལུ་ག་ནི་བ་རྩ་ཆེ་བའི་ལྷ་ཁང་སྦེ་ཆ་འཇོག་འབདཝ་ཨིན་མས། དེ་གི་སྐོར་ལས་ལོ་རྒྱུས་མདོར་བསྡུས་ཙམ་ཞུ་བ་ཅིན་ ལྷ་ཁང་འདི་བླམ་བློ་གྲོས་སེང་གེ་གིས་ཞལ་རྒྱུན་སྦེ་གསུངས་ཡོད་པའི་ནང་གསལ་ལྟར་ན་ ཉི་ཟེར་ལྷ་ཁང་འདི་ཧ་ལམ་རབ་བྱུང་བཞི་པ་དང་ལྔ་པའི་སྐོར་ཆ་ལུ་གསང་སྔགས་རྙིང་མའི་གཏེར་སྟོན་འུག་པ་གླིང་པ་གིས་ གདན་ས་སྦེ་བཏབ་གནང་པའི་དགོན་པ་རྙིང་ཤོས་ཅིག་ཨིན་ཟེར་བཤད་དེ་ཡོདཔ་ཨིན་མས། དེ་ཡང་གཏེར་སྟོན་འུག་པ་གླིང་པའི་སྤྲུལ་སྐུ་དང་པ་འགྲོ་མགོན་ཕྲིན་ལས་རབ་རྒྱས་དང་ སྤྲུལ་སྐུ་སྐ྄་ཕྲེང་གཉིས་པ་ཆོས་ཀྱི་ཉི་མ་དང་དེ་ལས་དེ་བཟུམ་སྦེ་ སྤྲ྄ལ་སྐུ་སྐུ་ཕྲེང་གསུམ་པ་ཀུན་བཟང་རིག་འཛིན་དང་ སྐུ་ཕྲེང་བཞི་པ་ཕྲིན་ལས་ལྷུན་གྲུབ་ཚུ་གིས་ཡང་ དགོན་པ་འདི་རྩ་ཅན་ཨིནམ་ལས་ཁོང་རའི་གདན་ས་གཙོ་ཅན་ཅིག་སྦེ་བསྐྱངས་གནང་ཡོདཔ་ཨིན་པས། ལྷ་ཁང་འདི་ཁར་ད་རེས་གཞུང་གིས་དགེ་འདུན་གྱི་གཞི་རིམ་སློབ་གྲྭ་ཅིག་སྦེ་གཞི་བཙུགས་མཛད་ནུག། དེ་མ་ཚད་ལོ་བསྟར་བཞིན་དུ་རང་ཟླ་གཉིས་པའི་ཚེས་ ༡༠ དང་ ༡༡ ལུ་སྒྲུབ་མཆོད་ཉིན་གྲངས་གཉིས་གནང་ནི་ཡོད་ཟེར་བཤདཔ་ཨིན་པས།
དེ་བཟུམ་སྦེ་ ཉི་ཟེར་ལྷ་ཁང་རྒྱབ་ཀྱི་ཟུར་གཏད་ལུ་ཡོད་པའི་ ཨཔ་ཟླ་བ་རྒྱལ་མཚན་གྱི་ཁྱིམ་གྱི་ལྟག་ལུ་ གཟའ་ཆུ་གཅིག་ཡོད་མི་དང་དབང་འདུས་དྭངས་ཆུ་ལྕགས་ཟམ་བརྒལ་ཏེ་འགྱོ་བའི་སྐབས་ལུ་ ཉི་ཟེར་སྒང་ལུ་འགྱོ་སའི་སྣུམ་འཁོར་ལམ་གྱི་ལྟག་ལུ་ ཆུ་གཅིག་ཡོད་མི་འདི་ཡང་གཟའ་ཆུ་ཨིན་ཟེར་བཤད་མི་ཚུ་ཡང་ ཉི་ཟེར་སྤྲུལ་སྐུ་གིས་བཏོན་བཏོནམ་ཨིན་ཟེར་བཤདཔ་ཨིན་པས། ཉི་ཟེར་སྒང་གི་ལྷ་ཁང་ལྟག་ལས་ཕར་སྦེ་ ཧ་ལམ་དུས་ཡུན་ཆུ་ཚོད་གཉིས་དེ་ཅིག་རྐང་ཐང་སྦེ་ལམ་འགྱོ་དགོ་པའི་ས་གནས་ནང་ལུ་ མགུ་ལེགས་ཁ་ཟེར་སའི་ས་གོ་འདི་ནང་ལུ་རྡོ་ལེབ་སྦོམ་གཅིག་ཡོད་མི་གུར་འདས་ལོགཔ་ཀརྨ་ཆོས་འཛོམས་ཟེར་མི་གི་ཞབས་རྗེས་གཉིས་དངོས་མཐོང་ལག་གཟུང་སྦེ་མཇལ་ནི་ཡོད་ཟེར་ཨིན་པས། དེ་ལས་དེ་གིས་ཡང་མ་དོ་བར་ལྷ་ཁང་གི་ཕར་ཁ་ཐུག་ལུ་འགྱོཝ་ད་ ཆུ་མིག་སྟེང་ཁའི་གཡུས་ཚན་ཟེར་མི་ནང་ལུ་རྡོ་སྦོམ་གཅིག་གུར་ཉི་ཟེར་སྤྲུལ་སྐུ་འགྲོ་མགོན་ཕྲིན་ལས་རབ་རྒྱས་ཀྱི་ཞབས་རྗེས་གཅིག་མཇལ་ནི་ཡོདཔ་མ་ཚད་ དེ་ལས་ཕོད་རྩེ་དགོན་པ་ཟེར་མི་གི་ལྟག་ལུ་རྣམ་རྒྱལ་ལ་ཟེར་ས་ལུ་ ཉི་ཟེར་སྤྲུལ་སྐུ་ཆོས་ཀྱི་ཉི་མའི་སྒྲུབ་ཁང་གི་ཤུལ་ཚུ་ཡང་ག་ནི་བ་ཡ་མཚན་ཆེ་ཏོག་ཏོ་ཅིག་མཇལ་ནི་ཡོད་ཟེར་བཤདཔ་ཨིན་པས། དེ་བཟུམ་སྦེ་ར་དབང་འདུས་ཀྱི་ཁྲོམ་ཁ་ལས་ཕར་ཁ་འགྱོ་ཞིན་ན་ཁ་མར་ལྟ་བབས་སྦེ་འགྱོཝ་ད་ལུ་ དྭངས་ཆུ་ལྕགས་ཟམ་བརྒལ་ཏེ་འགྱོ་བ་ཅིན་ ཉི་ཟེར་སྒང་ལྷ་ཁང་ཚུན་ཚོད་སྣུམ་འཁོར་གསེབ་ལམ་ཀི་ལོ་མི་ཊར་ ༤ ཡོདཔ་ཨིན། དེ་གིས་ཡང་མ་ཚད་པར་ ཉི་ཟེར་སྒང་ལྷ་ཁང་ལས་ཁ་ཡར་ལྟ་འགྱོཝ་ད་ལུ་ རུས་སྟོད་ཁའི་མི་སེར་དམངས་ཀྱི་བཞེངས་ཡོད་པའི་ལྷ་ཁང་གཅིག་ཡང་ངོ་མཚར་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོདཔ་མ་ཚད་ ལྷ་ཁང་འདི་བཞེངས་མི་དང་བཞེངས་ལོ་ཚུ་ཁ་གསལ་སྦེ་མ་ཤེས་རུང་ ལྷ་ཁང་འདི་དང་ཕུ་ལས་ཡོད་པའི་ལྷ་ཁང་ཨིནམ་ལས་ག་ནི་བ་རྩ་ཅན་ཅིག་སྦེ་ཆ་འཇོག་འབདཝ་ཨིན་མས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
༡. དྲགོས་སངས་རྒྱས་རྡོ་རྗེ་། གཙུག་ལག་སློབ་དཔོན་བསམ་གཏན་རྡོ་རྗེ། དྲོག་ཀྲར་ཡོན་ཏན་དར་རྒྱས། བླམ་ཆོས་སྐྱོང། ཀུན་བཟང་འཕྲིན་ལས། སྨིན་དྲུག་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་ ༢༠༠༥། དད་པའི་ས་བོན། འབྲུག། ཐིམ་ཕུག། ཀེ་ཨེམ་ཀྲི་པར་སྐྲིན་ཁང།