ཉི་མ་ལུང་གྲྭ་ཚང་། Nima Lung Monastery
ངོ་སྤྲོད།
ཞུན་དགདེ་ཡང་སྤྱི་ལོ་ ༡༩༣༣ ལུ་འབྲུག་གི་དབུས་ཕྱོགས་ལྟེ་བ་བུམ་ཐང་ལུ་ བོད་ཀྱི་བླམ་གཅིག་དང་ས་གནས་ཀྱི་དཔོན་ཁག་གཅིག་གིས་བར་ན་ གྲ་སྒྲིག་མེད་པའི་ཞལ་འཛོམས་ཅིག་ཚོགས་པའི་ཤུལ་ལུ་ ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཆོས་གླིང་ཟེར་ཡོངས་གྲགས་ལུ་ཉི་མ་ལུང་གྲྭ་ཚང་ཟེར་སླབ་མི་འདི་གཞི་བཙུགས་མཛད་ནི་གུར་ཞལ་འཆམ་བྱུང་ཡོདཔ་ཨིན་མས། དེ་ཡང་ཉི་མ་ལུང་གྲྭ་ཚང་འགོ་ཐོག་གཞི་བཙུགས་མཛད་མི་འདི་རྡོ་རིང་སྤྲུལ་སྐུ་འཇམ་དབྱངས་ཀུན་བཟང་ལུང་རིག་ཆོས་ཀྱི་ཉི་མ་འདི་ཨིན་མས། སྤྲུལ་སྐུ་མཆོག་སྤྱི་ལོ་ ༡༩༠༢ ལུ་བོད་ཤར་ཕྱོགས་ཁམས་ཀྱི་གཡུས་ཚན་རྡོ་རིང་ཟེར་ས་ལུ་སྐུ་འཁྲུངས་ནུག། ཁོ་རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྤྲུལ་གསུམ་པ་སྦེ་ངོས་འཛིན་མཛད་དེ་ བོད་ཀྱི་རྙིང་མའི་ཡོངས་གྲགས་ཅན་གྱི་ཆོས་ལུགས་ཀློང་ཆེན་རྙིང་ཐིག་གི་བརྒྱུད་པ་འཛིན་མི་ཅིག་ལུ་གྱུར་ཡོདཔ་ཨིན་མས། མདོར་བསྡུ་བ་ཅིན་ཁོ་གི་ཧེ་མ་བྱུང་མི་བརྒྱུད་པ་ཚུ་ག་ར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ ༼༡༣༠༨-༡༣༦༣༽ ལས་བྱུང་ཡོདཔ་དང་ དེ་ལས་རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྤྲུལ་དང་པ་མདོ་མཁྱེན་བརྩེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་ཐུགས་སྤྲ྄ལ་གཉིས་པ་འཇིགས་མེད་བདེ་ཆེན་གླིང་པ་སྦེ་འཁྲུངས་ཡོདཔ་ཨིན་མས། རྡོ་རིང་སྤྲུལ་སྐུ་མཆོག་དགུང་ལོ་ ༡༣ བཞེསཔ་ད་ལུ་ གཞི་རིམ་གྱི་སྐུ་ཡོན་ཚུ་གསན་ཚར་ཞིནམ་ལས་ཀུན་མཁྱེན་ཀློང་རབ་འབྱམས་ཀྱི་རྣམ་ཐར་དང་ ཁོ་གི་འབྲི་ལཱ་ཚུ་ལུ་རྒྱུ་ཆ་ཚུད་ཡོདཔ་ཨིན་མས།
བྱུང་རབས།
ཞུན་དགཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་གྱིས་སེམས་སྐུལ་འབད་དེ་ དགུང་ལོ་གཞོན་ཅུང་རྡོ་རིང་སྤྲུལ་སྐུ་གིས་འབྲུག་རྒྱལ་ཁབ་ནང་ལུ་མ་བྱོན་པའི་ཧེ་མ་ ལོ་བཅུ་བདུན་གྱི་རིང་ལུ་ཁམས་དང་བོད་ཀྱི་རྒྱལ་ཁབ་མཐའ་དབུས་མེད་པར་འགྲོ་འགྲུལ་མཛད་གནང་ནུག། མི་ལོ་ ༦༠༠ གི་ཧེ་མ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཆོག་ལུང་བསྟན་གྱིས་འབྲུག་རྒྱལ་ཁབ་ནང་ལུ་བྱོན་ཏེ་ གདན་ས་གླིང་བརྒྱད་ཚུ་ནང་བྱོན་ཏེ་ལྷ་ཁང་ཚུ་ཡང་བཞེངས་ཏེ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་གནང་མི་ཚུ་གི་གྲལ་ལས་ གནམ་མེད་ས་མེད་ཡོངས་གྲགས་ཅན་འདི་བུམ་ཐང་ཐར་པ་གླིང་འདི་ཨིན་མས། སྤྲུལ་སྐུ་རྡོ་རིང་ཁོ་རའི་བསླབ་སྟོན་པ་ཀུན་མཁྱེན་ཀློང་ཆེན་གྱིས་རྗེས་སུ་འབྲངས་ཏེ་དགུང་ལོ་ ༣༠ དེ་ཅིག་བཞེསཔ་ད་ལུ་བུམ་ཐང་ཐར་པའི་གླིང་ལུ་ཕེབས་ཏེ་ཀུན་མཁྱེན་ཀློང་ཆེན་གྱི་གསུང་འབུམ་ མཛོད་བདུན་ཚར་གཅིག་བརྒྱ་ལྷག་ནི་གིས་དམ་བཅའ་མཛད་དེ་མཛོད་བུདན་ལྷག་བཞུགསཔ་ད་ལུ་ ཀུན་མཁྱེན་མཛོད་བདུན་ཚར་གཅིག་བརྒྱ་ལྷག་མ་ཚརཝ་ལས་ སྟབས་ཉེས་པ་ལུ་བརྟེན་ཏེ་མི་དབང་འབྲུག་རྒྱལ་གཉིས་པའི་གྱོསཔོ་ས་གནས་ཀྱི་དཔོན་ཁག་ཆུ་སྨད་དྲགོས་ཞལ་ངོ་འཇམ་དབྱངས་ཀྱི་མེ་སྦྱང་གི་ཆོ་ག་མཛད་པར་བྱོན་དགོཔ་ཐོན་ནུག། ཚེ་འདས་དེ་གི་བུ་ཆུ་སྨད་དྲུང་པ་མགོན་པོ་རྡོ་རྗེ་འདི་གིས་ ཁོ་རའི་ཨ་པའི་གོ་གནས་འདི་ཤུལ་འཛིན་མཛད་ནུག།
དེ་གིས་རྡོ་རིང་སྤྲུལ་སྐུའི་སྒོམ་སྒྲུབ་གནང་ནིའི་ཐུགས་བཞེས་ལུ་བར་ཆད་ངོ་མ་བྱུང་ཡོད་རུང་ རྡོ་རིང་སྤྲུལ་སྐུ་མཆོག་གིས་སྤྱི་ལོ་ ༡༩༣༣ ལུ་དེ་བསྒང་དྲུང་པ་མགོན་པོ་རྡོ་རྗེ་དང་ཕྱད་ཡོདཔ་ཨིན་མས། དེ་གི་སྐབས་ལུ་རྡོ་རིང་སྤྲུལ་སྐུ་དང་དྲུང་པ་མགོན་པོ་རྡོ་རྗེ་གཉིས་གསུང་གྲོས་གནང་སྟེ་ སྤྱིར་བཏང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་བྱེ་བྲག་ཏུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ ཀློང་ཆེན་རྙིང་ཐིག་གི་བསྟན་པ་འདི་དར་ཁྱབ་གཏང་ནིའི་དོན་ལུ་ རྡོ་རིང་སྤྲུལ་སྐུ་དང་དྲུང་པ་མགོན་པོ་རྡོ་རྗེ་གཉིས་ཀྱིས་ཐར་པ་གླིང་ལས་ཀི་ལོ་མི་ཊར་དག་པ་ཅིག་གི་ས་ཁར་ ཉི་མ་ལུང་ཟེར་ས་ལུ་གྲྭ་ཚང་གཅིག་བཞེངས་ནིའི་ཞལ་འཆམ་བྱུང་ཡོདཔ་ཨིན་མས། དྲུང་པ་མགོན་པོ་རྡོ་རྗེ་འདི་གཏེར་བཏོན་པདྨ་གླིང་པའི་གདུང་བརྒྱུད་འཛིན་མ་ཅིག་ཨིནམ་ལས་ ཉི་མ་ལུང་གྲྭ་ཚང་དེ་ཁར་གཏེར་བཏོན་པདྨ་གླིང་པའི་ཆོས་སྐོར་ཡང་སྟོན་ནི་སྦེ་གྲོས་ཆོད་བྱུང་ནུག། ད་རེས་ནངས་པ་ཡང་ཉི་མ་ལུང་གྲྭ་ཚང་ནང་ལུ་ ཀློང་ཆེན་རྙིང་ཐིག་དང་པད་གླིང་ཆོས་སྐོར་གྱིས་མ་དོ་བར་ རྙིང་མའི་ཆོས་ལུགས་གཞན་ཡང་ལེ་ཤ་ར་དར་ཏེ་ཡོདཔ་ཨིན་མས།
དགེ་སློང་ཚུ་ལུ་སློབ་སྦྱོང་བྱིན་པའི་སྐོར།
ཞུན་དགགྲོས་འཆར་བཀོད་དེ་ཡོད་པའི་ལྷ་ཁང་འདི་ནང་གི་དགེ་སློང་ཚུ་ལུ་ ས་གནས་ཀྱི་མི་སེར་ཚུ་ལུ་ཨ་ལུ་སྐྱེཝ་ད་ དེ་ལས་ན་ཚ་དང་ཤི་རྐྱེན་བྱུང་བའི་སྐབས་ལུ་སྨན་བཅོས་དང་རིམ་འགྲོ་འབད་ནི་དེ་ལས་ཚེ་འདས་ཀྱི་དགེ་རྩ་སྒྲུབ་ནི་ཚུ་ལུ་སློབ་སྦྱོང་བྱིན་ནི་ཨིནམ་མ་ཚད་ ས་གནས་ཀྱི་མི་སེར་ཚུ་ལུ་ཡང་ཆོས་དང་འཇིག་རྟེན་གཉིས་ཆ་རའི་བསླབ་སྟོན་དང་ལམ་སྟོན་ཡང་གནང་ནིའི་གྲོས་ཆོད་གྲུབ་ཡོདཔ་ཨིན་མས། དེ་ལས་སྤྱི་ལོ་ ༡༩༣༤ ལུ་ཉི་མ་ལུང་གི་ལྷ་ཁང་གཙོ་ཅན་འདི་རྐྱབ་ནི་འགོ་བཙུགས་ཏེ་ སྤྲུལ་སྐུ་རྡོ་རིང་འདི་ལྷ་ཁང་འདི་གི་གཞི་བཙུགས་མཛད་མི་བླམ་དང་པ་དང་ དྲུང་པ་མགོན་པོ་རྡོ་རྗེ་འདི་གཞི་བཙུགས་མཛད་མི་སྦྱིན་བདག་དང་པ་མཛད་ཐོག་ལས་བཞེངས་ཞིན་ན་ ལྷ་ཁང་དེ་གི་མཚན་ཡང་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཆོས་གླིང་གྲྭ་ཚང་ཟེ་བཏགས་གནང་ནུག། གོང་བཀོད་ཀྱི་ཁ་ཚིག་དང་འཁྲིལ་ཏེ་ལྷ་ཁང་དེ་གིས་དགེ་སློང་ཚུ་ལུ་ སྨན་རིགས་དང་སྨན་སྦྱོར། མཎ་ཌལ་དང་གཏོར་མ་བཟོ་ནི། ཡིག་རིག་རིག་རྩལ་དང་ལྷག་སྦྱང་། དེ་ལས་བྲི་ནི་དང་སྒོམ་རྐྱབ་ནི་ཚུ་ཡང་སྟོན་གནང་ཡོདཔ་ཨིན་མས། དེ་ཁར་སྤྲུལ་སྐུ་རྡོ་རིང་གིས་བོད་ལས་བསྣམས་བྱོན་པའི་ཕྱག་དཔེ་རྩ་ཅན་ཚུ་གིས་བཀའ་ཁྲིད་ཉིནམ་རེ་ཆད་མེད་པར་སྟོན་གནང་ཡོདཔ་ཨིན་མས། དེ་ཚུ་གི་ནང་ལས་གཏེར་བཏོན་ཀརྨ་གླིང་པའི་ཟབ་གཏེར་ཀར་གླིང་ཞི་ཁྲོ་འདི་འབྲུག་རྒྱལ་ཁབ་ནང་ལུ་འགོ་དང་པ་བསྣམས་བྱོན་མི་འདི་ རྡོ་རིང་སྤྲུལ་སྐུ་ཨིནམ་ལས་ཤུལ་ལས་ཆོས་སྐོར་འདི་ཧ་ཅང་གིས་དར་ཁྱབ་སོང་སྟེ་ཡོདཔ་ཨིན་མས། དེ་ལས་སྤྲུལ་སྐུ་གིས་ཉི་མ་ལུང་གྲྭ་ཚང་ནང་ལུ་ཟླཝ་དང་པའི་ཚེས་ ༡ ལས་ ༡༥ ཚུན་ཚོད་ཉིནམ་བཅོ་ལྔའི་རིང་ལུ་ཀར་གླིང་ཞི་ཁྲོའི་སྒྲུབ་ཆེན་ཡང་འགོ་ཐོག་གཞི་བཙུགས་མཛད་དེ་ སྒྲུབ་ཆེན་འདི་ད་ལྟོ་ཡང་འགོ་འདྲེན་འཐབ་སྟེ་ར་ཡོདཔ་ཨིན་མས།
སྤྱི་ལོ་ ༡༩༤༠ ལུ་རྡོ་རིང་སྤྲུལ་སྐུ་གིས་གྲྭ་ཚང་འདི་ནང་རིམ་འགྲོ་སྦོམ་གནང་ནི་དོན་ལུ་ བོད་ལུ་ཡུདཔ་ཐེངས་ཅིག་རིམ་འགྲོ་གི་ཅ་ལ་ཚུ་ལེན་པར་ལོག་བྱོན་ནི་འབདཝ་ཅིག་ མི་དབང་འབྲུག་གཉིས་པ་དང་མཇལ་ཕྲད་ཞུ་ནི་གོ་སྐབས་ཐོབ་སྟེ་ དེ་བསྒང་མི་དབང་འཇིགས་མེད་དབང་ཕྱུག་མཆོག་གིས་རྡོ་རིང་སྤྲུལ་སྐུ་ལུ་འབྲུག་རྒྱལཔོ་གིས་ཁོ་ལུ་ག་ཅི་མཛད་དགོཔ་འདུག་ཟེར་བའི་དྲི་བ་གསུངམ་ད སྤྲུལ་སྐུ་གིས་ཉི་མ་ལུང་གྲྭ་ཚང་བཞེངས་འཕྲོ་ཡོད་མི་འདི་མཇུག་བསྡུ་གནང་དགོ་པའི་ཞུ་བ་ཕུལ་མི་ལུ་ མི་དབང་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་མཆོག་གིས་ཁོ་རའི་ཁ་ཐུག་ལས་ཅི་ལྕོགས་གང་ལྕོགས་མཛད་ནི་ཞལ་བཞེས་མཛད་གནང་ནུག། དེ་ལས་སྤྲུལ་སྐུ་འདི་སྤྱི་ལོ་ ༡༩༤༠ ལོའི་ས་ག་ཟླ་བ་ལུ་བོད་ལུ་ལོག་བྱོན་ཏེ་ བོད་ཁམས་སྐོར་ཏེ་བླམ་འཚོལ་ཏེ་ཆོས་ཞུ་སྦེ་ཁོ་ར་རྐྱངམ་གཅིག་སྒོམ་གནང་ཡོདཔ་མ་ཚད་ དེ་བསྒང་ལམ་ཁར་ཕྱད་མི་ཚུ་ལུ་ཆོས་ཡང་གནང་ཡོདཔ་ཨིན་མས། མཐའ་མཇུག་ལུ་རིག་འཛིན་ཆེན་པོ་སྐུ་ཕྲེང་བཅུ་པའི་ཡོངས་འཛིན་མཛད་དགོ་པའི་གསོལཝ་བཏབ་མི་ལུ་བརྟེན་ཏེ་ ཁོ་ར་ཡང་རིག་འཛིན་ཆེན་པོའི་གྲྭ་ཚང་ནང་ལུ་འཕྲོ་ཅིག་ཡོདཔ་གཟིགས་ཏེ་ ཁོ་རའི་སྒོམ་སྒྲུབ་ལས་དེ་ལུ་ཞལ་བཞེས་མཛད་གནང་ནུག། དེ་བསྒང་རྡོ་རིང་སྤྲུལ་སྐུ་གིས་མི་དབང་འབྲུག་རྒྱལ་གཉིས་པའི་ཉི་མ་ལུང་གྲྭ་ཚང་ལུ་ཤིང་བཟོ་དང་ལྷ་བྲིསཔ་ཚུ་བཏང་སྟེ་ ལྷ་ཁང་ཐོག་དང་པ་དང་གཉིས་པ་གཉིས་ཆ་ར་མཇུག་བསྡུ་ཡོད་པའི་ལོ་རྒྱུས་གསན་ཏེ་ཧ་ཅང་གིས་ཐུགས་དགྱེས་ཡོདཔ་ཨིན་མས།
སྤྲུལ་སྐུ་གིས་དེ་འཕྲལ་ལས་ཁོ་རའི་སློབ་མ་པདྨ་ཟེར་མི་འདི་ མི་དབང་རྒྱལ་པོ་ལུ་བཀྲིན་ཆེ་ཟེར་བའི་ཕྱག་ཡིག་ཕུལ་ཏེ་བཏང་ནུག། དེ་ལས་པདྨ་འདི་འབྲུག་ལུ་འོང་སྟེ་མི་དབང་འབྲུག་རྒྱལཔོ་ལུ་བཀྲིན་དཀའ་ཚོར་གྱི་ཕྱག་ཡིག་འདི་ཕུལ་ཞིནམ་ལས་ ལོག་བོད་ལུ་སོང་ཞིན་ན་ཁོ་རའི་བླམ་སྤྲུལ་སྐུ་རྡོ་རིང་དང་གཅིག་ཁར་ གནས་སྐོར་དང་འབྲེལ་བའི་ཆོས་འཚོལ་དང་སྒོམ་སྒྲུབ་ཚུ་འཕྲོ་མཐུད་དེ་གནང་ནུག། དེ་ལས་མཐའ་མཇུག་ཁར་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་མཇལ་ཏེ་ དབང་དང་གདམས་ངག་ཚུ་ཞུ་ཞིན་ན་སློབ་མ་པདྨ་འདི་འབྲུག་ལུ་སྡོད་དགོ་པའི་བཀའ་གནང་སྟེ་བཏང་ནུག། དེ་ལས་སྤྱི་ལོ་ ༡༩༥༢ ལུ་དགུང་གྲངས་ ༥༡ བཞེསཔ་ད་སྤྲུལ་སྐུ་རྡོ་རིང་མཆོག་ནད་གཞི་ཧང་ཏོང་མར་བཞེས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཤུལ་ལུ་ སློབ་མ་པདྨ་འདི་ཉི་མ་ལུང་གི་བླམ་ཡོངས་གྲགས་ཅན་ཅིག་ལུ་གྱུར་ཏེ་ མཚན་ཡང་བླམ་པདྨ་ལ་ཟེར་དར་ཁྱབ་སོང་ཡོདཔ་ཨིན་མས། བླམ་པདྨ་ལ་གིས་ཉི་མ་ལུང་གྲྭ་ཚང་གི་བླམ་འདི་སྤྱི་ལོ་ ༡༩༩༣ ལས་སྤྱི་ལོ་ ༢༠༠༩ ཚུན་ཚོད་ཕྱག་བཞེས་མཛད་པའི་མཐར་སྤྱི་ལོ་ ༢༠༠༩ ལུ་གྲྭ་ཚང་དེ་གི་བླམ་གི་ཕྱག་འགན་འདི་ བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གི་ཡང་སྲིད་ལུ་རྩིས་སྤྲོད་མཛད་དེ་ བླམ་པདྨ་ལ་ཡང་དགོངས་པ་ཆོས་ཀྱི་དབྱིངས་ལུ་ཐིམ་ཡོདཔ་ཨིན་མས། ད་ལྟོ་ཉི་མ་ལུང་གྲྭ་ཚང་འདི་བདུད་འཇོམས་ཡང་སྲིད་ཀྱིས་བདག་འཛིན་གནང་དོ་ཡོདཔ་ཨིན་མས།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
ཞུན་དག༡. ཉི་མ་ལུང་གྲྭ་ཚང་། ཉི་མ་ལུང་གི་རྣམ་ཐར་མདོར་བསྡུས། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཕེསི་བྷུག། ཡོངས་འབྲེལ་ཁ་བྱང་། https://www.facebook.com/nimalungdratshang/photos/a.102087354929527/102087084929554/?type=3