གླིང་བཞི་གཡུལ་རྒྱལ་རྫོང་། Ι Yuelgel Dzong, Lhingzhi

གླིང་བཞི་གཡུལ་རྒྱལ་རྫོང་།

ཞུན་དག
 
གླིང་བཞི་གཡུལ་རྒྱལ་རྫོང་།

འབྲུག་རྒྱལ་ཁབ་འདི་ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་བསྟན་པ་དར་བའི་རྒྱལ་ཁབ་ཅིག་ཨིནམ་དང་འདི་ནང་རྫོང་གཞིས་དང་ལྷ་ཁང་དགོན་སྡེ་མང་རབས་ཅིག་ཡོདཔ་ཨིན། དེ་ཚུ་གི་གྲས་ལས་གླིང་བཞི་གཡུལ་རྒྱལ་རྫོང་འདི་རྫོང་གཞིས་རྙིང་ཤོས་དང་རྒྱལ་རབས་ཅན་གྱི་རྫོང་ཅིག་ཨིན། རྫོང་འདི་ཕྱི་ཆགས་ཐངས་ཀྱི་བཀོད་པ་ལེགས་པའི་ཁར་ནང་ན་བྱིན་རླབས་ཅན་གྱི་ནང་རྟེན་ཚུ་བཞུགས་ཏེ་ཡོདཔ་མ་ཚད་བོད་ཀྱི་སྡེ་སྲིད་གྲོང་སྨད་པ་ཕྲིན་ལས་རྒྱ་མཚོ་གིས་གཙོས་པའི་རི་བོ་དགེ་ལྡན་པའི་དགྲའི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྫོང་ཅིག་འབད་ནི་འདི་གིས་རྩ་ཅན་ཅིག་སྦེ་བརྩིཝ་ཨིན།

ས་གནས་ཆགས་ས།

ཞུན་དག

གླིང་བཞི་ལུ་འགྱོ་སའི་ལམ་ཡང་ཁག་གཉིས་སྦེ་ཡོདཔ་དང་ གཅིག་རྒྱལ་ས་ཐིམ་ཕུག་ཁྲོམ་ལས་ བྱང་ཁ་ཐུག་ རྟ་མགོ་རྡོར་གདན་ནང་ལས་སྦེ་འགྱོཝ་ད་ ཉིན་ལམ་གཉིས་ནང་ གླིང་བཞི་རྫོང་ནང་ལྷོད་དོ་ཡོདཔ་དང་། སོ་སོ་འདི་ སྤ་རོ་འབྲུག་རྒྱལ་རྫོང་ལས་ ཤར་ན་ཚུན་སྣུམ་འཁོར་ནང་སོང་ཞིན་ན། དེ་ནང་ལས་ཐོན་ཏེ་ ཉིན་ལམ་གཉིས་དེ་ཅིག་རྐང་ཐང་སྦེ་འགྱོཝ་ད་ལྷོད་ཚུགས་པའི་ས་ཁར་ཆགས་ཏེ་ཡོདཔ་ཨིན་པས།

རྫོང་འདི་རྒྱ་མཚོའི་མཐའ་མ་ལས་མི་ཀྲར་༤༡༥༠ གི་ས་ཁར་ག་ནི་བ་མཐོང་གསལ་ཆེ་བའི་སྤོ་ཏོག་ཅིག་གུར་ཆགས་ཏེ་ཡོདཔ་དང་དེ་ཡང་བོད་དམག་ལས་རྒྱལ་བའི་དྲན་རྟེན་ལུ་འབྲུག་གི་སྡེ་སྲིད་ཁྲི་རབས་གསུམ་པ་ཆོས་རྒྱལ་མི་འགྱུར་བརྟན་པ་ (ཁྲི་ལོ་༡༦༦༧-༡༦༨༠) གིས་བཞེངས་གནང་ཡོདཔ་ཨིན་པས། དེ་ཡང་འབྲུག་གི་རྒྱལ་རབས་སློབ་དཔོན་པདྨ་ཚེ་དབང་གིས་སྦྱར་བ། འབྲུག་གསལ་བའི་སྒྲོན་མེ་ (གནམ་ལོ་མེད་༢༠༠༤ཤོག་གྲངས་༢༡༧) ལས་ “དབང་འདུས་ཕོ་བྲང་རྫོང་དཔོན་དགེ་འདུན་ཆོས་འཕེལ་རྫོང་ཁག་གླིང་གཞི་ཕྱོགས་ཀྱི་དམག་དཔོན་དུ་སོང་བ། ཉིན་གཅིག་བཟང་པོའི་ལོགས་བྱ་བ་དེར་དམག་རྒྱབ་ལ་ཕྱིན་པས། དེར་ཡང་བྱུས་ཉེས་སུ་སོང་བས་མི་མང་པོ་ཤི། ཁོ་རང་ཆོས་རྗེ་ཕུན་ཚོགས་པས་ཤེད་འདྲེན་པས་ཐར་ཙམ་བྱུང་། མ་གསང་སྒྲུབ་སྡེ་བྱ་བ་ས་གནད་ཤིན་ཏུ་ཆེ་བ་ཞིག་ཡོད་པ་གཞན་གྱིས་མནན་པས་སྤིར་ལྕོག་རྒྱབ། མེ་མདའ་སེ་ཆར་བཞིན་བཏང་བས་རྫོང་ཕྱིའི་དམག་ཐམས་ཅད་ནང་དུ་བྲོས་པ་སོགས་ཀྱིས་ཤིན་ཏུ་མི་བདེ་བ་བཅས་ཤོར་ལ་ཁད་དུ་གྱུར་པ་དེའི་ཚེ། སྡེ་སྲིད་མི་འགྱུར་བརྟན་པས་བུམ་ཐང་བྱ་དཀར་ནས་ངག་དབང་རབ་བརྟན་ཚུར་བོས་ཏེ་ དགོན་དམག་ལྷག་འཇོག་ཁ་ཡར་ཡོད་པ་འཁྲིད་དེ་འབྲོག་གླིང་གཞིའི་ཕྱོགས་སུ་རྒྱབ་དཔུང་དུ་བཏང་བར་མཛད་འདུག་པ་ལས་གཡུལ་འཁྲུགས་ཀྱིས་རྒྱལ་ཁ་ཐོབ་སྟེ། བྱ་དཀར་གཡུལ་རྒྱལ་རྫོང་ཞེས་པ་དང་། གླིང་གཞི་གཡུལ་རྒྱལ་རྫོང་ཞེས་པ་དེ་ལས་བྱུང་” ཟེར་བཀོད་དེ་ཡོད་དོ་བཟུམ་དགེ་ལྡན་པའི་དཔུང་ཆེན་བཞི་པ་འབྲུག་ལུ་བཙུགས་པའི་སྐབས་དམག་ལས་རྒྱལ་ཁ་ཐོབ་པའི་དྲན་རྟེན་སྦེ་སྡེ་སྲིད་ཁྲི་རབས་གསུམ་པ་ཆོས་རྒྱལ་མི་འགྱུར་བརྟན་པ་མཆོག་གིས་སྤྱི་ལོ་༡༦༦༨ གནམ་ལོ་ས་སྤྲེལ་ལུ་གསར་བཞེངས་མཛད་གནང་ནུག།

རྫོང་འདི་གནམ་བྱཱར་དགུན་མེད་པར་ཁཝ་གིས་བརྒྱན་ཏེ་ཡོད་པའི་མཐོ་ཞིང་མཛེས་པའི་གངས་རི་ཚུ་གིས་ལྕགས་རིའི་ཚུལ་སྦེ་བསྐོར་ཏེ་ཡོད་མི་ཚུ་ལས་བསིལ་བ། ཞིམ་པ། ཡང་བ། འཇམ་པ་ལ་སོགས་པའི་ཡན་ལག་བརྒྱད་དང་ལྡན་པའི་འབབ་ཆུའི་རྒྱུན་ལྷུང་ལྷུང་འབབ་པའི་ལྟག་ལུ་ རང་བཞིན་གྱིས་ཁམས་གཙང་བའི་ ས་གནས་མཎྜལ་ཕུལ་ཕུལཝ་བཟུམ་མའི་སྤོ་ཏོག་ཅིག་གུར་ སྟེང་ཕྱོགས་ལྷ་ཡི་གཡུས་ལས་བབས་བབས་བཟུམ་དང་། འོག་ཕྱོགས་ཀླུ་ཡི་གཡུས་ལས་འཁྲུངས་འཁྲུངསམ་བཟུམ་སྦེ་ཆགས་ཏེ་ཡོདཔ་ཨིན།

གླིང་བཞིའི་ས་གནས།

ཞུན་དག

སྤྱིར་བཏང་གླིང་བཞིའི་ས་གནས་འདི་སྲོལ་འཛིན་ལས་ཁུངས་ཀྱིས་རྩོམ་སྒྲིག་འབད་དེ་ཡོད་མི་གནས་ཡིག་ཀུན་ཕན་ལམ་སྟོན་གླེགས་བམ་༡༢ པ་ (གནམ་ལོ་མེད་༢༠༡༧ ཤོག་གྲངས་༡༣༧) ལས་ “ཧེ་མ་གུ་རུ་རིན་པོ་ཆེ་དང་ཕ་ཇོ་འབྲུག་སྒོམ་ཞིག་པོ་བླམ་འབྲུག་པ་ཀུན་ལེགས་དང་གྲུབ་ཐོབ་སྤྱིལ་དཀར་བ། རྗེ་འཇམ་དབྱངས་ཀུན་དགའ་སེངྒེ་ལ་སོགས་པ་དཔལ་ལྡན་འབྲུག་པའི་བསྟན་པ་འཛིན་པའི་སྐྱེས་བུ་མང་རབས་ཅིག་གིས་ཞབས་ཀྱིས་བཅགས། བྱིན་གྱིས་བརླབས་གནངམ་མ་ཚད་སྤྱི་ལོ་༡༦༡༦ ལུ་ལྷ་དང་བླ་མའི་ལུང་བསྟན་གྱིས་སྦེ་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་པར་རྒྱལ་བ་མཆོག་ཡང་ཆིབས་ཁ་ལྷོ་ལུ་བསྒོར་ཏེ་ཆིབས་བསྐྱོད་གནང་སའི་འབྱོན་ལམ་ཡང་ས་གནས་དེ་ཁ་ལས་མར་སྦེ་བྱོན་ནུག།” ཟེར་བཀོད་དེ་ཡོད་དོ་བཟུམ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་གནང་བའི་གནས་ཅིག་ཨིན་པའི་ཁར་ ལྷག་པར་དུ་ཕ་ཇོ་འབྲུག་སྒོམ་ཞིག་པོ་བྱོན་ཏེ་ ལྟས་ངན་སྦྲུལ་མགོ་བོང་མཇུག་བཏུལ་ཏེ་ ལྟས་ངན་གཡང་ལུ་ཁུག་པའི་བཀའ་དྲིན་དགའ་ཚོར་གྱི་ཚུལ་ལུ་ གུ་རུ་རིན་པོ་ཆེ་གིས་ཕ་ཇོ་ཁོ་ར་ལུ་ལུང་བསྟན་པའི་གནས་ གླིང་བཞི་བྱ་རྒོད་རྫོང་གིས་གཙོས་པའི་ གཡུས་མི་འབྲོག་གནས་དང་བཅསཔ་ ཕ་ཇོ་ལུ་ཕུལ་བའི་དུས་ཚོད་དེ་ནང་ ཕ་ཇོ་མཆོག་གིས་དགེའུ་རྫ་བྲག་ཕུག་དང་ སྲོས་སྤྲུལ་དུར་ཁྲོད་རྟ་ར་ལ་ཁ་ལ་སོགས་པའི་ ས་གནས་མཐའ་དབུས་མེདཔ་ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་གནང་བའི་ཁར་ ལྷག་པར་དུ་ཞབས་དྲུང་རིན་པོ་ཆེ་མཆོག་གླིང་བཞི་ལྕེ་པའི་ས་ལས་བརྒྱུད་དེ་ འབྲུག་རྒྱལ་ཁབ་འདི་ནང་བྱོན་པའི་འབྱོན་ལམ་གཙོ་བོ་ཅིག་ཨིནམ་ལས་ གནས་ཁྱད་པར་ཅན་ཅིག་ཨིན་པས།

དེ་གི་ཤུལ་ལས་རྗེ་མཁན་ཁྲི་རབས་དགུ་པ་རྒྱལ་བ་ཤཱཀྱ་རིན་ཆེན་མཆོག་གིས་ཡང་རྫོང་དེ་ནང་ཞབས་ཀྱིས་བཅགས་གནང་ཡོདཔ་ཨིན་པས། དེ་ཡང་རྒྱལ་བ་ཤཱཀྱ་རིན་ཆེན་གྱི་རྣམ་ཐར་ཆེན་མོ་ལྷག་པའི་བསམ་པ་བསྐུལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་གཏམ་དམ་པའི་ཆོས་ཀྱི་གཎྜིའི་སྒྲ་དབྱངས་སྙན་པའི་ཡན་ལག་རྒྱ་མཚོ་ (གནམ་ལོ་མེད་༢༠༡༨ ཤོག་གྲངས་༨༠) ལྟར་དུ་འབད་བ་ཅིན་སྐྱབས་རྗེ་མཆོག་གསང་བའི་ཐོག་ལས་བོད་ལུ་བྱོན་པའི་སྐབས་གླིང་བཞི་རྫོང་ལས་བརྒྱུད་དེ་བྱོན་ཡོདཔ་དང་དེའི་སྐབས་གཞུང་གི་དམག་མི་ཚུ་གིས་བཟུང་ཞིན་ན་གླིང་བཞི་རྫོང་གི་བཙོན་ཁང་ནང་བཞུགས་དགོཔ་བྱུང་ཡི། ཟེར་བཀོད་དེ་འདུག།

གླིང་བཞི་གཡུལ་རྒྱལ་རྫོང་དེ་ སྡེ་སྲིད་ཁྲི་རབས་ ༥༨ པ་དབྱངས་སློབ་སངས་རྒྱས་རྡོ་རྗེ་མཆོག་ཁྲི་ཐོག་གུར་བཞུགས་པའི་སྐབས་ གནམ་ལོ་མེ་བྱ་ སྤྱི་ལོ་ ༡༨༩༧ སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ས་ཡོམ་ཤུགས་ཅན་ཅིག་རྐྱབ་པའི་རྐྱེན་གྱིས་ཉམས་ཆག་སྦོམ་ཤོར་སོང་ནུག། ཨིན་རུང་རྒྱལ་རབས་ཅན་གྱི་རྫོང་གཞིས་ཅིག་ཨིན་པའི་ཁར་ བོད་འབྲུག་གི་ས་མཚམས་སྲུང་སྐྱོབས་ཀྱི་དོན་ལུ་མེད་ཐབས་མེདཔ་ཅིག་ཨིནམ་ལས་ ལོག་རྩ་བ་ལས་ཉམས་གསོ་ཞུ་ནུག། དེ་གི་ཤུལ་ལས་ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༩ པའི་ནང་ས་ཡོམ་ཤུགས་ཅན་ཅིག་རྐྱབ་མི་དེ་གིས་ ལོ་ངོ་མང་རབས་ཅིག་སོང་ཡོད་མི་རྫོང་གཞིས་འདི་ལུ་ གནོད་སྐྱོན་སྦོམ་རྐྱབ་དཔ་ལས་བརྟེན་ དྲུང་ཁག་བདག་སྐྱོང་དང་ འཕགས་པའི་དགེ་འདུནམ་ཚུ་ ས་སྒོ་གཞན་ཁ་ལུ་ སྤོ་བཤུད་འབད་དགོཔ་ཐོན་པའི་ཤུལ་ལུ་ གླིང་གཞི་རྫོང་འདི་ནང་ མི་སྡོད་མི་ག་ཡང་མེད་པར་ ལོ་ཧ་ལམ་ལང་སོཔ་ཨིན་མས།

ཨིན་རུང་ མི་དབང་མངའ་བདག་རིན་པོ་ཆེའི་དབུ་འཁྲིད་བཟང་པོའི་འོག་ལུ་ སྤྱི་ལོ་ ༢༠༡༨ ལས་འགོ་བཙུགས་ཏེ་རྫོང་གཞིས་གསར་བཞེངས་ཀྱི་ལཱ་ཚུ་འགོ་བཙུགས་ཏེ་ ཧ་ལམ་བསྒྲུབ་ནི་གུར་ལྷོད་དེ་ཡོདཔ་དང་། ད་ལྟོ་རྫོང་གཞིས་དེ་ནང་ བླམ་གིས་དབུ་གཙོས་པའི་དགེ་སློང་ཞལ་གྲངས་ ༣༠ ལྷག་ཙམ་གྱིས་ རྒྱལ་ཁབ་ཀྱི་བསྟན་སྤྱིའི་སྐུ་རིམ་ཚུ་བསྒྲུབ་དང་བསྒྲུབས་བཞིན་པར་ཡོདཔ་ཨིན།

གླིང་བཞི་རྫོང་གི་མཐའ་འཁོར་ལུ་ གྲུབ་ཐོབ་གོང་མའི་གནས་ཡང་ལེ་ཤ་ར་མཇལ་ནི་ཡོདཔ་དང་ དེ་ཡང་ རྫོང་གི་གཡས་ཁ་ཐུག་ལུ་དུས་ཡུན་ཆུ་ཚོད་ ༡ དེ་ཅིག་འགྱོ་སའི་ས་ཁར་ གྲུབ་ཐོབ་སྤྱིལ་དཀར་བའི་སྒྲུབ་ཁང་དགེའུ་ཕུག་དང་ རྟ་ར་ལ་ཁ་ལུ་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་ཆབ་གསང་མཆོད་རྟེན་དང་རྡོ་ཨ་ཁམ་བཅམ་བཅམ། དེ་ལས་ གླིང་བཞི་བྱ་རྒོད་རྗོང་དང་རྟ་འགྲོའི་གནས་ ཕག་མོའི་སྒྲུབ་ཕུག་དང་བྱིན་རླབས་ཅན་གྱི་དུར་ཁྲོད། ལྟས་ངན་བོང་མགོ་སྦྲུལ་མཇུག་བཏུལ་ས་ལ་སོགས་པའི་གནས་ཆེན་ཚུ་ ཕྱག་དང་མཆོད་པའི་རྟེན་སྦེ་ བྱིན་རླབས་ཀྱི་མཚན་ཁ་མ་ཉམས་པར་མཇལ་ནི་འདུག།

སྤྱིར་བཏང་རྫོང་གཞིས་དང་གནས་ཆེན་ཚུ་མཇལ་ནི་འདི་ རང་གི་ཚེ་ད་ལྟོ་ལུས་ཀྱིས་བསགས་པའི་སྡིག་སྒྲིབ་ཚུ་དག་སྟེ་ཕྱི་མ་མཐོ་རིས་ཡོན་ཏན་བདུན་ལྡན་གྱི་ལུས་ཐོབ་ཚུགས་པའི་དགོས་པ་ཚུ་ཡོད་པའི་ཁར་ ལྷག་པར་དུ་ གླིང་བཞི་གཡུལ་རྒྱལ་རྫོང་འདི་ མཇལ་ཚུགས་པ་ཅིན་ ལོ་ངོ་བཞི་བརྒྱ་མ་ལངམ་ཅིག་གི་ལོ་རྒྱུས་དང་དྲན་རྟེན་ཚུ་གསལ་ཏོག་ཏོ་སྦེ་ཤེས་ཚུགསཔ་ལས་བརྟེན་ དཔལ་ལྡན་འབྲུག་པའི་བུ་བརྒྱུད་ཚུ་གིས་ རང་གི་རྒྱལ་ཁབ་ནང་ཡོད་པའི་རྒྱལ་རབས་ཅན་གྱི་རྫོང་གཞིས་འདི་ཚུ་གི་སྐོར་ལས་ ཧ་གོ་ཞིན་ན་ ཇི་སྲིད་ནམ་གནས་ཀྱི་བར་དུ་ རྫོང་གཞིས་རྩ་ཅན་ཅིག་ཨིན་པའི་ཚོར་སྣང་ཚུ་བསྐྱེད་ཚུགས་ནི་ཨིན་པས་ཟེར་ཞུ་ནི་ཨིན།།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

ཞུན་དག

༡༽   སློབ་དཔོན་པདྨ་ཚེ་དབང་། (གནམ་ལོ་མེད་༢༠༠༤) འབྲུག་གི་རྒྱལ་རབས་སློབ་དཔོན་པདྨ་ཚེ་དབང་གིས་སྦྱར་བ། འབྲུག་གསལ་བའི་སྒྲོན་མེ། འབྲུག། ཐིམ་ཕུག།

༢༽   ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (གནམ་ལོ་མེད་ ༢༠༡༢) དད་པའི་ས་བོན་གླེགས་བམ་དང་པ། འབྲུག། ཐིམ་ཕུག།

༣༽   སྲོལ་འཛིན་ལས་ཁུངས། (གནམ་ལོ་མེད་ ༢༠༡༧) གནས་ཡིག་ཀུན་ཕན་ལམ་སྟོན་གླེགས་བམ་༡༢ པ། འབྲུག། ཐིམ་ཕུག།

༤༽   སྤུངས་ཐིམ་གཞུང་གྲྭ་ཚང་ལྟེ་བའི་ཡན་ལག་ནཱ་ལནྡྲའི་བཤད་གྲྭའི་དཔེ་མཛོད་ཁང་ནས་འགྲེམས་སྤེལ་ཞུས་པ། (གནམ་ལོ་མེད ༢༠༡༨) རྒྱལ་བ་ཤཱཀྱ་རིན་ཆེན་གྱི་རྣམ་ཐར་ཆེན་མོ་ལྷག་པའི་བསམ་པ་བསྐུལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་གཏམ་དམ་པའི་ཆོས་ཀྱི་གཎྜིའི་སྒྲ་དབྱངས་སྙན་པའི་ཡན་ལག་རྒྱ་མཚོ། འབྲུག། སྤུ་ན་ཁ།