༉ གསོ་བའི་ལྷན་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་ལྷན་ཁག་བཅུ་ཐམ་ལས་གཅིག་ཨིན། ལྷན་ཁག་འདི་ ཧེ་མ་གསོ་བའི་ལས་ཁུངས་ཅིག་སྦེ་སྡོད་ ཡོདཔ་དང་ ཤུལ་ལས་སྤྱི་ལོ་དགུ་བརྒྱ་དགུ་བཅུ་གོ་གྲངས་ལས་ གཙོ་རིམ་དང་འཁྲིལ་ ཤེས་རིག་ལས་ཁུངས་དང་བསྡོམས་ཏེ་ གསོ་བ་དང་ ཤེས་རིག་ལྷན་ཁག་ཟེར་བཟོ་ཡོདཔ་ཨིན། འདི་བསྒང་བློན་པོ་སངས་རྒྱས་དངོས་གྲུབ་ཀྱིས་ སྤྱི་ལོ་ ༡༩༩༨-༡༩༩༩ ཚུན་ གསོ་བ་དང་ཤེས་རིག་ བློན་པོ་འགོ་དང་པ་སྦེ་ཕྱག་ཞུ་ཡོདཔ་ཨིན། ཤུལ་ལས་ གསོ་བ་དང་ཤེས་རིག་ཟེར་གཅིག་ཁར་སྡོད་ཡོད་མི་ལྷན་ཁག་འདི་ དགོས་མཁོ་དང་བསྟུན་ གསོ་བའི་ལྷན་ཁག་དང་ ཤེས་རིག་ལྷན་ཁག་ཟེར་སོ་སོ་སྦེ་བཟོ་ཡོདཔ་ཨིན། དེ་ལས་ སྤྱི་ལོ་ ༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ཀྱི་རྒྱལ་པོའི་གཞུང་འགོ་བཙུགས་ཞིནམ་ལས་ཚུར་ སྤྱི་ལོ་ ༢༠༡༣ ཚུན་ གསོ་བའི་ལྷན་ཁག་ནང་ བློན་པོ་བཟང་ལེགས་འབྲུག་པ་གིས་ཕྱག་ཞུ་ཡོདཔ་དང་། སྤྱི་ལོ་ ༢༠༡༣-༢༠༡༨ ཚུན་ བློན་པོ་རྟ་མགྲིན་དབང་ཕྱུག་ དེ་ལས་ སྤྱི་ལོ་ ༢༠༡༨ ལས་ ད་ལྟོ་ཚུན་གྱི་བར་ན་ བློན་པོ་བདེ་ཆེན་དབང་མོ་གིས་ཕྱག་ཞུ་བཞིན་ཡོདཔ་ཨིན།
ལྷན་ཁག་འདི་གི་འཆར་སྣང་འདི་འཕྲོད་བསྟེན་མཆོག་གྱུར་ཅན་གི་རྒྱལ་ཁབ་སྦེ་གནས་ནི་འདི་ཨིནམ་དང་།དམིགས་སྐྱེད་འདི་ཡང་ཕྱི་ནང་སྨན་བཅོས་སྤུས་ཚད་དང་ལྡན་པའི་ཞབས་ཏོག་སྤྲོད་ནི་དང་ནད་གཞི་ཚུ་བཀག་ཐབས་དང་ཚད་འཛིན་འབད་དེ་རྩ་མེད་གཏང་ནི།མི་ཚེ་བསྐྱར་གསོ་འབད་ནི་དང་འཕྲོད་བསྟེན་ཅན་གྱི་མི་ཚེའི་གནས་སྟངས་གོང་འཕེལ་གཏང་ནི།དེ་ལས་ ཡུན་བརྟན་ཅན་ ངོས་ལེན་ཅན་ གོ་སྐབས་འདྲ་མཉམ་ བློ་གཏད་ཅན་དང་ གནས་གོང་རན་པའི་གསོ་བའི་ཞབས་ཏོག་ཚུ་ངེས་གཏན་སྦེ་སྤྲོད་ནི་འདི་ཨིན།འདི་བཟུམ་སྦེ་ ལྷན་ཁག་གི་འགན་དབང་འདི་འབྲུག་གི་རྩ་ཁྲིམས་ཆེན་པོའི་རྩ་ཚན་༩ པའི་དོན་ཚན་༢༡ པ་དང་འཁྲིལ་ ལྷན་ཁག་གིས་ དེང་རབས་དང་སྔར་སྲོལ་གསོ་དཔྱད་ཀྱི་ཐོག་ལས་ མི་དམངས་གསོ་བའི་གཞིས་གནས་ཞབས་ཏོག་ཚུ་ སྟོང་པར་ཐོབ་ཚུགསཔ་བཟོ་ནི་འདི་དང་སྤུས་ཚད་ཅན་གྱི་གསོ་བའི་ཞབས་ཏོག་ འཇམ་ཏོག་ཏོ་དང་འདྲ་མཉམ་སྦེ་ངེས་གཏན་འཐོབ་ཚུགསཔ་བཟོ་ནི་ཚུ་ཨིན།
གསོ་བའི་ལྷན་ཁག་འོག་ལུ་ བློན་པོ་དང་དྲུང་ཆེན་ཡིག་ཚང་ དེ་ལས་ མདོ་ཆེན་ཞབས་ཏོག་ཡིག་ཚང་དང་ལས་ཁུངས་ཁག་བཞི་ཡོདཔ་ཨིན། ལས་ཁུངས་བཞི་ཡང་གསོ་བའི་ཞབས་ཏོག་ལས་ཁུངས་ མི་དམངས་གསོ་བའི་ལས་ཁུངས་ གསོ་བའི་མཁོ་ཆས་བཀྲམ་སྤེལ་དང་རྟེན་གཞི་ལས་ཁུངས་དང་ནང་སྨན་ཞབས་ཏོག་ལས་ཁུངས་ཚུ་ཨིན། ལྷན་ཁག་འདི་ནང་ཕྱག་ཞུ་མི་ འགོ་འཛིན་བློན་པོ་གྱིས་གཙོས་པའི་ དྲུང་ཆེན་དང་མདོ་ཆེན་ དེ་ལས་ ལས་ཁུངས་ཁག་གི་གཙོ་འཛིན་དང་འགོ་དཔོན་ཚུ་ཨིནམ་དང་ ལྷན་ཁག་འདི་གིས་ད་རེས་གོང་གི་འཆར་སྣང་དང་དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ ལྷན་ཁག་གི་འགན་དབང་ཚུ་ དྲང་བདེན་དང་དྭངས་གསལ་ དེ་ལས་ དམ་ཚིག་གཙོ་གཟུང་གི་ཐོག་ལས་ཕྱག་ཞུ་བཞིན་ཡོདཔ་ཨིན།

ཁུངས་གཏུག། ཞུན་དག།

  1. Wikipedia Contributors. (2021). Ministry of Health (Bhutan). In Wikipedia, The Free Encyclopedia. Retrieved from https://www.bing.com/searchq=minstry+of+health+bhutan+wikipdeia&qs=n&form=QBRE&sp=-1&pq=minstry+of+health+bhutan+wikipdeia&sc=0-34&sk=&cvid=3C785AC896414C7DA9EBCCCD6521B534
"https://dz.wikipedia.org/w/index.php?title=གསོ་བའི་ལྷན་ཁག།&oldid=29433" ལས་ སླར་འདྲེན་འབད་ཡོདཔ།