གཞུང་སྐྱོང་ལམ་ལུགས་ཀྱི་འགྱུར་བ།
གཞུང་སྐྱོང་ལམ་ལུགས་ཀྱི་འགྱུར་བ།
༉ གཞུང་སྐྱོང་ལམ་ལུགས་ཀྱི་འགྱུར་བ་ཟེར་མི་འདི་ འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་འབད་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ གཞུང་སྐྱོང་ཐངས་ཀྱི་ལམ་ལུགས་ཚུ་ལེགས་བཅོས་འབད་དེ་ འགྱུར་བ་བཟོ་མི་ཅིག་ལུ་གོ་ནི་ཨིན། འདི་བཟུམ་སྦེ་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་གཞུང་སྐྱོང་ལམ་ལུགས་ནང་ཡང་ འགྱུར་བ་སྦོམ་སོང་སྟེ་ཡོདཔ་ཨིན། དེ་སྦེ་འགྱུར་བ་འགྱོ་དགོ་པའི་རྒྱུ་མཚན་འདི་ཡང་ དུས་ཀྱི་འགྱུར་བ་དང་བསྟུན་ མི་སྡེ་ནང་ལུ་ དགོས་མཁོ་ཅན་ཚུ་གྱུར་འགྱོཝ་ལས་བརྟེན་ཏེ་ དེ་དང་འཁྲིལ་བའི་ལམ་ལུགས་ཅིག་ གཞི་གཙུགས་འབད་དགོཔ་ད་ གཞུང་སྐྱོང་ལམ་ལུགས་འདི་ཡང་གྱུར་འགྱོཝ་ཨིན་པས། དེ་ཡང་ John Ardussi (2022) གིས་ སྔོན་མ་ཞབས་དྲུང་གིས་མཛད་མི་ སྲིད་བྱུས་ཚུ་ལུ་གནས་ཏེ་སྡོད་པ་ཅིན་ དུས་རབས་ ༢༠ པའི་ནང་ལུ་འབྱུང་པའི་གནས་སྟངས་ཚུ་ གདོང་ལེན་འབད་མ་ཚུགསཔ་ལས་ ཆོས་ཀྱི་དབུ་ཁྲིད་ཀྱི་གཞུང་སྐྱོང་ལས་ རྒྱལཔོ་རིམ་བྱོན་གྱི་གཞུང་སྐྱོང་ལུ་བསྒྱུར་ནུག་ཟེར་ བཤདཔ་ཨིན་པས། འདི་འབདཝ་ལས་ གཞུང་སྐྱོང་ལམ་ལུགས་ཀྱི་འགྱུར་བ་ཡང་ རྒྱལ་ཁབ་ཀྱི་ཡར་རྒྱས་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ འགྱུར་དགོ་དོ་ཡོདཔ་ཨིན་པས། ང་བཅས་རའི་རྒྱལ་ཁབ་ཀྱི་གཞུང་སྐྱོང་ལམ་ལུགས་ཀྱི་འགྱུར་བ་དེ་ཡང་ ཞབས་དྲུང་གི་སྐབས་དང་། རྒྱལ་བརྒྱུད་རིམ་བྱོན་གྱི་སྐབས། དམངས་གཙོ་བོའི་རིང་ལུགས་སྦེ་ ཁག་གསུམ་སྦེ་བཤད་སྲོལ་འདུག།
དང་པ་ར་ དུས་རབས་ ༡༧ པའི་ནང་ ཞབས་དྲུང་རིན་པོ་མཆོག་ བོད་ཁ་བ་ཅན་གྱི་ལྗོངས་ལས་ ལྷོ་འབྲུག་ལུ་བྱོན་ཞིནམ་ལས་ཚུར་ འབྲུག་རྒྱལ་ཁབ་འདི་ མངའ་འོག་གཅིག་གི་འོག་ལུ་བཙུགས་ཏེ་ གཞུང་སྐྱོང་གི་ལུགས་འདི་གཞི་གཙུགས་མཛད་གནང་ནུག། དེ་ཡང་ ཞབས་དྲུང་ མཆོག་བོད་ལུ་ ཀུན་མཁྱེན་པདྨ་དཀར་པོ་གི་ཡང་སྲིད་ཨིནམ་སྦེ་ ངོས་འཛིན་མཛད་ཞིནམ་ད་ བོད་ར་ལུང་ལུ་ དགོན་སྡེའི་གཅོ་འཛིན་ ༡༦ པ་སྦེ་བཞུགས་པའི་སྐབས་ རྒྱལ་བ་དཔག་བསམ་དབང་པོ་ཡང་ ཀུན་མཁྱེན་པདྨ་དཀར་པོའི་ཡང་སྲིད་ཨིནམ་སྦེ་ཐོན་སོཔ་ལས་ གཙང་གི་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་དང་མ་འགྲིགས་པར། ལྷག་པར་དུ་ ལུང་བསྟན་ལྟར་དུ་ ལྷོ་འབྲུག་ལུ་བྱོན་བྱོནམ་ཨིན་པས། Sonam Kinga (2009) གིས་ཡང་ ཞབས་དྲུང་དང་རྒྱལ་བ་དཔག་བསམ་དབང་པོ་གཉིས་མ་འགྲིགསཔ་ལས་བརྟེན་ བོད་ལུ་འབྲུག་པ་བཀའ་བརྒྱུད་ཀྱི་ལུགས་ ཁག་སོ་སོ་སྦེ་རྒྱས་འགྱོ། དེ་མ་ཚད་ ཀུན་མཁྱེན་པདྨ་དཀར་པོ་འདི་ གཙང་པ་རྒྱ་རས་ཀྱི་བརྒྱུད་པ་མེནམ་དང་ ཞབས་དྲུང་འདི་ཨིནམ། དེ་ལས་ རྒྱལ་བ་དཔག་བསམ་དབང་པོ་འདི་མེན་ཟེར་བའི་ བྱ་སྟབས་མ་བདེཝ་ལེ་ཤ་ཐོནམ་ལས་ ཞབས་དྲུང་མཆོག་ འབྲུག་ལུ་ སྤྱི་ལོ་ ༡༦༡༦ ལུ་ རང་བྱོན་ཁ་སརྤ་པ་ནི་དང་ སྤྱན་རས་གཟིགས་ཀྱི་སྐུ་འདྲ་བསྣམས་ཏེ་བྱོན་ནུག་ཟེར་བཤད་དེ་འདུག།
ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ འབྲུག་ལུ་མ་བྱོན་པའི་སྔོན་གོང་ལས་ར་ གཞུང་སྐྱོང་གི་འཆར་སྣང་དང་ཐུགས་རིགཡོདཔ་ལས་ འབྲུག་ལུ་ཕེབས་ཞིནམ་ལས་ འབྲུག་རྒྱལ་ཁབ་འདི་ མངའ་འོག་གཅིག་གི་འོག་ལུ་བཙུགས་ཏེ་ གཞུང་སྐྱོང་ལམ་ལུགས་ཀྱི་སྲིད་བྱུས་ཚུ་ འགོ་བཙུགས་གནང་ནུག། དེ་ཡང་ ཞབས་དྲུང་ཁོ་ར་ བོད་ར་ལུང་ལུ་ཡོད་པའི་གཞུང་སྐྱོང་ལམ་ལུགས་འདི་དང་ཆ་འདྲཝ་ཅིག་ གཞི་ནང་པའི་ཆོས་ལུ་བཞག་སྟེ་ རྒྱལ་ཁབ་སྐྱོང་གནང་ནུག། (John Ardussi, 2022)
ཞབས་དྲུང་གི་སྐབས་ལུ་ གཞུང་སྐྱོང་གི་རིང་ལུགས་འདི་ གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ལས་ རྒྱལ་ཁ་ཐོབ་པའི་དགའ་ཚོར་དང་བཅས་ སྤྱི་ལོ་ ༡༦༡༩ གི་ལོ་དེ་ནང་ ང་བཅུ་དྲུག་མའི་ཕྱག་ཐམ་བརྩམས་མི་ལུ་ གཞི་བཞག་སྟེ་ཨིན་པས། Karma Phuntsho, (2013) ཀྱིས་འབད་བ་ཅིན་ ཞབས་དྲུང་མཆོག་དགུང་ལོ་ ༣༣ བཞེསཔ་ད་ འབྲུག་རྒྱལ་ཁབ་ཀྱི་ཕྱོགས་བཞི་ལུ་ཡོད་པའི་ལྷ་སྲིན་སྡེ་བརྒྱད་དང་ ལྷོ་མོན་ཁག་བཞི་གི་མི་སེར་ག་ར་ ངག་དབང་རྣམ་རྒྱལ་ང་གི་འོག་ལུ་ དབང་དུ་འདུསཔ་ཨིན་ཟེར་བའི་བརྡ་ལུ་ ང་བཅུ་དྲུག་མའི་ལས་རྟགས་དང་བཅསཔ་སྦེ་བཏང་ནུག་ཟེར་བཀོད་འདུག། གཞུང་སྐྱོང་ཐངས་འདི་ གཞི་ང་བཅུ་དྲུག་མའི་་ཕྱག་ཐམ་གུར་ཨིན་པའི་ཁར་ ཁྲིམས་གཞུང་ཆེན་མོ་ཅིག་ཡང་བརྩམས་ཏེ་ གཞུང་སྐྱོང་འདི་ཡང་ རྒྱལ་ཁྲིམ་གསེར་གྱི་གཉའ་ཤིང་། །ཆོས་ཁྲིམས་དར་གྱི་མདུད་ཕུད།། ཟེར་བའི་ཐོག་ལས་སྐྱོང་གནང་ནུག། དེ་འབདཝ་ལས་ གཞུང་སྐྱོང་ཐངས་འདི་ཡང་ ཆོས་སྲིད་ལུགས་གཉིས་ཀྱི་ཐོག་ལས་ ཆོས་ཀྱི་ལུགས་འཛིན་མི་ རྗེ་མཁན་པོ་བསྐོ་བཞག་གནང་། དེ་ལས་ སྲིད་ཀྱི་ལུགས་འཛིན་མི་ སྡེ་སྲིད་ཚུ་བསྐོ་བཞག་གནང་སྟེ་ ཆོས་སྲིད་གཉིས་ལྡན་གྱི་རིང་ལུགས་འདི་ ཞབས་དྲུང་གིས་གཙོ་བོར་བཟུང་སྟེ་ རྒྱལ་ཁབ་འདི་ ཆོས་ཀྱི་དབུ་ཁྲིད་ཀྱིས་སྐྱོང་བཞུགས་ནུག།
འདི་བཟུམ་སྦེ་ར་ གཞུང་སྐྱོང་འདི་ ལེགས་ཤོམ་སྦེ་འགྱོ་ནིའི་དོན་ལུ་ རྫོང་གཞིས་ཁག་ནང་ལས་ཕར་ རྫོང་དཔོན་གྱི་གོ་གནས་དང་ དཔོན་སློབ་ཀྱི་གོ་གནས་ དེ་ལས་ གཟིམ་དཔོན་དང་མགྲོན་གཉེར་ཚུ་བསྐོ་བཞག་གནང་སྟེ་སྐྱོང་གནང་ནུག། དེ་མ་ཚད་ ཞབས་དྲུང་སྐབས་ཀྱི་གཞུང་སྐྱོང་ལམ་ལུགས་ནང་ལུ་ མི་སེར་ཚུ་ལས་ཁྲལ་བསྡུ་ནི་དང་ འུར་ལཱ་བརྒྱུག་ནི་གི་ལམ་ལུགས་ཚུ་ རྒྱ་ཆེཝ་སྦེ་སྡོད་ནུག། དཔེར་ན་ མི་སེར་གྱི་ཐོན་ཁུངས་ཚུ་ དཔོན་ལུ་ཁྲལ་སྦེ་ཕུལ་དགོཔ་དང་ རྫོང་དང་ལྷ་ཁང་ལ་སོགས་པ་བཞེངས་པའི་སྐབས་ ཁྱིམ་གུང་རེ་ལས་ མི་རེ་འགྱོ་སྟེ་ ལཱ་ཚུ་འབད་དགོ་པའི་ལམ་ལུགས་སྡོད་ནུག། སྤྱི་ལོ་ ༡༦༥༡ ལུ་ ཞབས་དྲུང་ཐུགས་དམ་ནང་བྱོན་པའི་ཤུལ་ལས་ཡང་ རྗེ་མཁན་པོ་དང་སྡེ་སྲིད་ ཚུ་གིས་ ལམ་ལུགས་འདི་ཉམས་མ་བཅུག་པར་ འཛིན་སྐྱོང་མཛད་གནང་ནུག། ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ སྡེ་སྲིད་བསྡོམས་ ༥༤ གིས་སྐྱོང་ཡོད་རུང་ དུས་ཀྱི་འགྱུར་བ་དང་བསྟུན་ མི་སྡེ་ནང་ལུ་ ཡར་རྒྱས་དང་འགྱུར་བ་འོངསམ་ལས་ སྡེ་སྲིད་ཚུ་གིས་ གཞུང་སྐྱོང་ནིའི་ནང་ མཐར་འཁྱོལ་ཅིག་འགྱོ་མ་ཚུགས་པས། འདི་འབདཝ་ལས་ དུས་རབས་ ༢༠ པ་ལས་ཚུར་ གཞུང་སྐྱོང་གི་ལམ་ལུགས་འདི་འགྱུར་བཅོས་འབད་དེ་ རྒྱལ་བརྒྱུད་ཀྱི་རིམ་པ་ལུ་ལྷོད་ནུག།
འབྲུག་རྒྱལ་ཁབ་ནང་ རྒྱལ་བརྒྱུད་ཀྱི་རིམ་ལུགས་འདི་ སྤྱི་ལོ་ ༡༩༠༧ ལུ་ གོང་ས་ཨྱོན་དབང་ཕྱུག་མཆོག་ འབྲུག་གི་རྒྱལཔོ་དང་པ་སྦེ་ ཁྲི་མངའ་སྲོལ་མཛད་པའི་ཤུལ་ལུ་བྱུང་ནུག། དེ་ཡང་ དུས་ཀྱི་འཕོ་འགྱུར་དང་བསྟུན་ དུས་རབས་ ༡༧ པའི་གཞུང་སྐྱོང་ལམ་ལུགས་ཀྱི་བཅའ་ཁྲིམས་དང་སྲིད་བྱུས་ཚུ་གིས་ རྒྱལ་ཁབ་ཀྱི་གནས་སྟངས་དང་འགྲིག་མ་ཚུགས་མི་ལུ་བརྟེན་ཏེ་ རྒྱལ་བརྒྱུད་ཀྱི་རིམ་པ་འདི་འགོ་བཙུགས་ནུག། དུས་རབས་ ༢༠ པའི་རྒྱལ་བརྒྱུད་ཀྱི་རིམ་ལུགས་ནང་ལུ་ གཞུང་སྐྱོང་གི་རང་གཤིས་འདི་ ག་དེ་སྦེ་སྡོད་ནུག་ཟེར་བ་ཅིན་ འབྲུག་རྒྱལ་དང་པ་ གོང་ས་ཨོ་རྒྱན་དབང་ཕྱུག་གི་སྐབས་ལུ་ ཞབས་དྲུང་སྐབས་ཀྱི་ལམ་ལུགས་དང་ ཆ་འདྲ་སུ་ཅིག་སྦེ་ མི་སེར་ཚུ་ལས་ ཁྲལ་བསྡུ་ནི་དང་འུར་ལཱ་བརྒྱུག་བཅུག་ནིའི་ལམ་ལུགས་ཚུ་ དེ་སྦེ་ར་སྡོད་ནུག། ཨིན་རུང་ཡང་ རྒྱལ་བརྒྱུད་རིང་ལུགས་ནང་ལྷོད་པའི་བསྒང་ལས་ གཞུང་སྐྱོང་ལམ་ལུགས་འདི་ ཀུན་གྱིས་ཆ་འཇོག་ཡོད་པའི་རིན་ཐང་ཅན་གྱི་ཐོག་ལས་སྐྱོང་གནང་ནུག། རྒྱལ་བརྒྱུད་ཀྱི་རིག་ལུགས་འགོ་བཙུགས་ཞིནམ་ལས་ རྒྱལ་ཁབ་ནང་ལུ་ ནང་འཁོད་ཀྱི་སྟབས་མ་བདེཝ་ཚུ་ཞི་སྟེ་ དགའ་སྐྱིད་ཀྱི་ཉི་མ་ཤར་ནུག། Sonam Tobgay (2017) ཀྱིས་འབད་བ་ཅིན་ འབྲུག་རྒྱལ་གཉིས་པའི་སྐབས་ལས་ འབྲུག་པའི་མི་སེར་ཚུ་མངའ་འོག་གཅིག་ལུ་འདུས་ཏེ་ རྒྱལ་ཁབ་ཀྱི་མི་སེར་ཚུ་དབང་ཚུགསཔ་བྱུངམ་མ་ཚད་ ཕྱི་རྒྱལ་བིརི་ཊིཤ་དང་མཐུན་ལམ་བཟོ་སྟེ་ ཕྱི་པའི་ཤེས་ཡོན་འདི་ དྲན་ཤེས་ཅན་གྱི་ཐོག་ལས་ ནང་པའི་རིག་གཞུང་དང་ ཆ་སྙོམ་སྦེ་བཟོ་གནང་ནུག་ཟེར་བཤདཔ་ཨིན་པས།
འབྲུག་རྒྱལ་གསུམ་པའི་བསྒང་ལས་ གཞུང་སྐྱོང་གི་སྲིད་བྱུས་འདི་ རྩ་སྒྱུར་དང་དེང་དུས་ཀྱི་ཐོག་ལས་སྦེ་ ཞབས་དྲུང་སྐབས་ཀྱི་ སྲིད་བྱུས་དང་ལམ་ལུགས་ཚུ་ བསྒྱུར་བཅོས་མཛད་ནུག། དེ་ཡང་ Tobgay (2017) ཀྱིས་འབད་བ་ཅིན་ མི་སེར་ཚུ་ལས་ ཁྲལ་བསྡུ་ནི་དང་ འུར་ལཱ་བརྒྱུག་ནི་ཚུ་མར་ཕབ་འབད་ཡོད་པའི་ཁར་ ཁྲིམས་བཟོ་ དྲངས་ཁྲིམས་ སྤྱི་ཚོགས་ དཔལ་འབྱོར་དང་སྲིད་དོན་ཚུ་ལུ་ གཞི་སྒྱུར་རྒྱ་ཆེ་དྲགས་སྦེ་བཟོ་ནུག་ཟེར་བཤད་དེ་འདུག། འདི་བཟུམ་སྦེ་ར་ ཕྱི་པའི་ཤེས་ཡོན་གྱི་ལམ་ལུགས་ཚུ་ཡང་ ཡར་རྒྱས་རྒྱ་ཆེཝ་སྦེ་མཛད་གནང་སྟེ་འདུག། ག་ནི་བ་ཁག་ཆེ་བའི་ང་བཅས་རའི་དཔལ་ལྡན་འབྲུག་པའི་རྩ་ཁྲིམས་ཆེན་མོ་ཡང་ ཟིན་བྲིས་དང་པ་ སྤྱི་ལོ་ ༢༠༠༢ ལུ་བཏབ་ནུག། (Bhutan-Politics, 2002). འབྲུག་གི་རྩ་ཁྲིམས་ཆེན་མོ་ ཟིན་བྲིས་བཏབ་ཡོད་མི་འདི་ སྤྱི་ལོ་ ༢༠༠༥ ལུ་ མི་སེར་ཚུ་ལུ་སྤེལ་གནང་ནུག། (Kinley Dorji, 2005). དེ་ལས་ སྤྱི་ལོ་ ༢༠༠༨ ལུ་ གཞུང་འབྲེལ་དུ་ཆ་འཇོག་གྲུབ་སྟེ་ གཞུང་སྐྱོང་གི་ལམ་ལུགས་ཚུ་ རྩ་ཁྲིམས་ཆེན་མོ་འདི་ལུ་གཞི་བཞག་སྟེ་ སྐྱོང་ནུག།
དེ་ལས་ སྤྱི་ལོ་ ༢༠༠༨ ལུ་ འབྲུག་རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ཀྱི་སྲིད་བྱུས་འདི་རྒྱལ་ཁབ་ཀྱི་ འཕྲལ་དང་ཕུགས་ཀྱི་མཐའ་དོན་ལུ་ དབང་ཚད་ཕྱིར་སྤེལ་གྱི་རིང་ལུགས་ཟེར་ འབྲུག་པའི་མི་རེརེ་བཞིན་དུ་ལུ་ གོང་ཕེལ་གྱི་ལས་སྣ་ནང་ བཅའ་མར་གཏོགས་བཅུག་ཐབས་ལུ་ གཞི་བཙུགས་འབད་ནུག། འདི་བཟུམ་གྱི་ལས་སྣ་ཚུ་ ཧེ་མ་སྤྱི་ལོ་ ༡༩༥༣ ལུ་ ཚོགས་འདུ་འགོ་བཙུགས་པའི་བསྒང་ལས་ར་ དུམ་གྲ་རེ་ཡོད་རུང་ དམངས་གཙོའི་རིང་ལུགས་འགོ་བཙུགས་པའི་སྐབས་ རྒྱལ་ཁབ་ཀྱི་འགོ་ཁྲིདཔ་ཚུ་ གདམ་ཁ་རྐྱབ་ནིའི་དབང་ཚད་ མི་སེར་ཚུ་ལུ་གནང་ནུག། འཛམ་གླིང་ནང་གི་རྒྱལ་ཁབ་མང་རབས་ཅིག་ དམངས་གཙོའི་རིང་ལུགས་ཀྱི་གཞུང་དགོ་ནིའི་དོན་ལུ་ དཀའ་ངལ་ལེ་ཤ་བྱུང་རུང་ དབང་ཚད་འཐོབ་མ་ཚུགས་པར་ཡོདཔ་དང་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ མི་སེར་གི་ངོས་ལེན་མེད་རུང་ར་ རྒྱལ་ཁྲི་ལས་ གསོལ་ར་བཟུམ་སྦེ་གནང་སྟེ་ཡོད། དེ་ལས་ སྤྱི་ལོ་ ༢༠༠༨ ལུ་ འབྲུག་གི་བཙག་འཐུ་འགོ་དང་པ་ འགོ་འདྲེན་འཐབ་་ཞིནམ་ལས་ ཆོས་ལུགས་འཛིན་མིའི་དབུ་ཁྲིད་ རྗེ་མཁན་པོ་དང་ སྲིད་ཀྱི་ལུགས་འཛིན་མི་ ་མི་དབང་མངའ་བདག་རྒྱལ་པོ། དེ་གི་འོག་ལས་ གཞུང་སྐྱོང་ནང་ལུ་ བཙག་འཐུ་ལས་གྲུབ་མི་ བློན་ཆེན་གྱིས་གཙོས་ཏེ་ ལྷན་ཁག་བཅུ་ཐམ་གྱིས་ གཞུང་སྐྱོངམ་ཨིན། Election Commission of Bhutan (2019) ལྟར་དུ་འབད་བ་ཅིན་ སྤྱི་ལོ་ ༢༠༠༨ ལུ་ སྤྱི་ཚོགས་ཀྱི་བཙག་འཐུ་འགོ་བཙུགས་ཞིནམ་ལས་ ས་གནས་གཞུང་གི་བཙག་འཐུ་ཡང་ འགོ་འདྲེན་འཐབ་ཅི་ཟེར་ཨིན་མས། འདི་ལས་འགོ་བཟུང་སྟེ་ རྒྱལ་ཁབ་ནང་ལུ་ ཡར་རྒྱས་དང་འགྱུར་བ་སྦོམ་བྱུང་སྟེ་ཡོདཔ་ཨིན། དུས་རབས་ ༢༡ པའི་ནང་ འབྲུག་རྒྱལ་ཁབ་འདི་ རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་ཀྱི་དམངས་གཙོའི་རིང་ལུགས་ ཟེར་ ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན།
དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ཨིན་རུང་ དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ གཞུང་སྐྱོང་ལམ་ལུགས་ནང་ལུ་ ཞབས་དྲུང་གི་སྐབས་ལས་འགོ་བཟུང་སྟེ་ གཞུང་རིམ་པ་གསུམ་སྦེ་་འགྱུར་བཅོས་སོང་སྟེ་འདུག།
རྒྱབ་རྟེན་དཔེ་ཐོ།
Ardussi, J. (2022). The Traditional Institutions of Governance in Bhutan Before 1907 and their Modification with the Coming of the Monarchy. The Druk Journal .
Bhutan-Politics. (2002). Retrieved from https://www.raonline.ch/pages/bt/pol/bt_polconst01b2.html
Dorji, K. (2005). Draft Constitution to be distributed to all Bhutanese. Retrieved from Bhutan-Politics : http://www.raon.ch/pages/bt/pol/bt_polconst01d.html
Election Commission of Bhutan. (2019, March 10). Statistical Information On Elections In Bhutan (2006-2015) Retrieved from https://www.ecb.bt/statistical-information-on-elections-in-bhutan-2006-2015/
Kinga, S. (2009). Polity, Kingship and Democracy. Thimphu, Bhutan: Bhutan Times Limited .
Phuntsho, K. (2013). The History of Bhutan. India: Replika Press Pvt, Ltd.
Tobgay, S. (2017, January 05). Retrieved from Kuensel : https://kuenselonline.com/governance-in-bhutan/
Tobgay, S. (2017, January 6). Retrieved from Governance of Bhutan Part I: https://kuenselonline.com/governance-in-bhutan-part-ii/