ཞབས་ཁྲ་འཐེན་མི་གནམ་ཁ་ལྷ་མོ་འདི་ ལྷུན་རྩེ་རྫོང་ཁག་ལས་ཨིན་མས། གནམ་ཁ་ལྷ་མོ་འདི་ འབྲུག་རྒྱལ་ཁབ་ནང་ སྐད་གྲགས་ཅན་གྱི་སྐད་འཐེན་མི་དང་ འཁྲབ་རྩེདཔ་ཅིག་ཨིན། མོ་གིས་སྐྱེས་ལོ་ ༡༢ ལས་སྐད་འཐེན་ནི་འགོ་བཙུགས་ཡོདཔ་དང་  མོ་ར་ དབྱངས་ཅན་ཕུག་ལུ་དཔེ་ཆ་ལྷབ་སྡོད་པའི་སྐབས་ལས་ར་ སློབ་གྲྭའི་གླུ་གཞས་ནང་ལུ་སྤྲོ་བ་བསྐྱེད་དེ་ གསོལ་ར་ཡང་ལེ་ཤ་ཐོབ་ནུག། གནམ་ཁ་ལྷ་མོ་གིས་ འབྲུག་གི་སྙན་གྲགས་ཅན་གྱི སྐད་འཐེན་མི་ཚུ་ལས་ གླུ་གཞས་མང་རབས་ཅིག་ལྷབ་ཡོདཔ་ཨིན། དེ་གི་ནང་ལས་ཡང་ རང་ལུགས་ཀྱི་གླུ་གཞས་དང་ སྙན་ཆ་ཚུ་མོ་རའི་ ཨ་པ་ལས་ལྷབ་ཡོདཔ་ཨིན་མས། ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ འབྲུག་རྒྱལ་ཁབ་ནང་སྐད་འཐེན་མི་་ མིང་གཏམ་དང་སྐད་གྲགས་དེ་ཅིག་ཐོབ་མི་དེ་ཡང་ མོ་རའི་ཨ་པ་དྲིན་ཆེཝ་སྦེ་ཆ་བཞགཔ་ཨིན་མས།

སྤྱི་ལོ་ ༡༩༩༦ ལུ་ གནམ་ཁ་ལྷ་མོ་གིས་ སྒེར་གྱི་གླུ་གཞས་དང་སྙན་ཆ་གི་སྡེ་ཚན་ ན་གཞོན་ཕུན་ཚོགས་སྒྲ་དབྱངས་ཟེར་མི་དེ་ནང་ལུ་ སྐད་འཐེན་ནིའི་ཟུར་ལཱ་ཡང་འབད་ནུག། ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ གནམ་ཁ་ལྷ་མོ་གིས་ རང་ལུགས་ཀྱི་གླུ་གཞས་ཉམས་སྲུང་འབད་ནིའི་དོན་ལུ་ རྒྱབ་སྐྱོར་ག་དེ་དྲག་དྲག་འབད་བའི་ཁར་ འབྲུག་གློག་བརྙན་ཚོགས་པ་ནང་ལུ་ གློག་བརྙན་གྱི འཁྲབ་རྩེདཔ་སྦེ་ཡང་བརྩེས་ནུག། དེ་ཡང་ བཀོད་ཁྱབ་མདོ་ཆེན་ཚེ་འདས་ཚེ་རིང་དབང་རྒྱལ་གྱིས་ བཀོད་ཁྱབ་འབད་ཡོད་པའི་གློག་བརྙན་གསལ་སྒྲུབ་ནང་ མོ་འཁྲབ་རྩེདཔ་གཙོ་བོ་ཨིན་མས། གཞན་ཡང་ གནམ་ཁ་ལྷ་མོ་གིས་ རང་ལུགས་གླུ་གཞས་ཀྱི་གླུ་དེབ་གཉིས་བཟོ་སྐྲུན་འབད་ཡོདཔ་དང་། འབྲུག་རྒྱང་བསྒྲགས་ཀྱིས་བཟོ་སྐྲུན་འབད་ཡོད་པའི་ དུས་མཐུང་གློག་བརྙན་ཚུ་ནང་ཡང་ བཅའ་མར་གཏོགས་ཏེ་འདུག། མོ་ལུ་སྐད་ཀྱི་གཞི་ལེགས་ཤོམ་ཡོད་པའི་ཁར་ མོ་རའི་སྤྲོ་བ་ལུ་བརྟེན་ཏེ་ གནམ་ཁ་ལྷ་མོ་གིས་ཕྱི་རྒྱལ་ རྒྱ་གར་དང་སི་རི་ལང་ཀ། མོ་རོ་ཁོ། ཧོང་ཀོང་ང་ལས་ཕར་ སྐད་འཐེན་ནིའི་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་མས། གནམ་ཁ་ལྷ་མོ་ལུ་ སྐད་ཀྱི་གཞི་ལུ་གཞན་གྱིས་ཡིད་ཆེས་ཚུགསཔ་དང་ ཆ་བཞག་ཚུགསཔ་ཡོད་མི་ལུ་བརྟེན་ཏེ་ དངོས་མཐོང་གི་སྐད་འཐེན་ནིའི་ལས་རིམ་ཚུ་ནང་ དྲང་དཔོན་ཡང་འབདཝ་ཨིན་མས། གནམ་ཁ་ལྷ་མོ་གིས་སློབ་གྲྭ་ནང་ལུ་ སློབ་དཔོན་སྦེ་ལོ་ངོ་ ༩ གི་རིང་ ཕྱག་ཞུ་བའི་ཤུལ་ལུ་དགོངསམ་ཞུ་སྟེ་ སྐད་འཐེན་ནི་ལུ་སྤྲོ་བ་བསྐྱེད་སྡོད་ནུག། ད་ལྟོ་ཚུན་གྱི་རིང་ལུ་ ཞབས་ཁྲ་ 500 དེ་ཅིག་འཐེན་ཡོདཔ་དང་ དེ་ཚུ་གི་གྲས་ལས་ཡོངས་གྲགས་སོང་བའི་གླུ་གཞས་ཚུ་ཡང་ གེ་སར་བྱང་ལུ་བྱོན་པའི་བསྒང་། རྫོང་ཆེན་བཀྲ་ཤིས་ཆོས་རྫོང་། སོང་ཡ། དགེ་སློང་གཞོན་པའི་ཟླ་བ། ལུང་པ་བཀྲ་ཤིས་ཚུ་ཨིན་མས།

མོ་རའི ལྕོགས་གྲུབ་དང་བསྟུན་ཏེ་ གནམ་ཁ་ལྷ་མོ་གིས་གཟེངས་བསྟོད་ཀྱི་གསོལ་ར་ སྤྱི་ལོ་ ༡༩༩༦ ལུ་ རང་ལུགས་ཀྱི་སྐད་འཐེན་མི་དྲག་ཤོས་ཀྱི་གསོལ་ར་དང་། སྤྱི་ལོ་ ༢༠༠༢ ལུ་ གློག་བརྙན་ཆོས་དང་འཇིག་རྟེན་ནང་ལས་ མོ་སྐད་འཐེན་མི་དྲག་ཤོས་ཀྱི་གསོལ་ར། མཇུག་ར་ སྤྱི་ལོ་ ༢༠༡༣ ལུ་ གློག་བརྙན་གྱིབ་མ་ནང་ལས་མོ་སྐད་འཐེན་མི་ དྲག་ཤོས་ཀྱི་གསོལ་ར་ཐོབ་ནུག།

རྒྱབ་རྟེན།

འབྲུག་གློག་བརྙན་ཚོགས་པ་(༢༠༢༠) འབྲུག་གི་སྙན་གྲགས་ཅན་གྱི་མི་ངོམ།

"https://dz.wikipedia.org/w/index.php?title=གནམ་ཁ་ལྷ་མོ།&oldid=29672" ལས་ སླར་འདྲེན་འབད་ཡོདཔ།