གཏེར་བཏོན་རྡོ་རྗེ་གླིང་པ། Terton Dorji Lingpa

གཏེར་བཏོན་རྡོ་རྗེ་གླིང་པ། Copyright@The Treasury of Lives

ངོ་སྤྲོད།

ཞུན་དག

༉ འཛམ་བུའི་གླིང་ནང་ལུ་ཨྱོན་གུ་རུ་རིན་པོ་ཆེ་གིས་མ་འོངས་པའི་དུས་ཀྱི་ཕན་ཐབས་ལུ་གཟིགས་ཏེ་ ཆོས་གཏེར་དང་ནོར་གཏེར་བསམ་གྱིས་མི་ཁྱབ་པ་སྦས་གནང་སྟེ་འདི་ཚུ་བཏོན་མི་གཏེར་ཆེན་ལྔ་དང་ གཏེར་བཏོན་སྟོང་དང་རྩ་བརྒྱད་ལ་སོགས་པའི་ལུང་བསྟན་ཚུ་གནང་ཡོད་མི་ལས་ གཏེར་ཆེན་གྱི་རྒྱལ་པོ་ལྔ་ལས་གཅིག་ཨིན་མི་ གཏེར་བཏོན་ཨྱོན་རྡོ་རྗེ་གླིང་པ་འདི་ རབ་བྱུང་ ༦ པ་མེ་ཕོ་ཁྱི་ལོ་ སྤྱི་ལོ་ (༡༣༤༦-༡༤༠༦) ལུ་ཡབ་རྟ་མགྲིན་གྱི་གྲུབ་ཐོབ་བསོད་ནམས་རྒྱལ་མཚན་དང་ ཡུམ་འཆིམ་བཟའ་སྒྲོན་མ་སྐྱིད་གཉིས་ཀྱི་སྲས་ལུ་སྐུ་འཁྲུངས་ནུག། གཏེར་ཆེན་མཆོག་གིས་དགུང་ལོ་གསུམ་བཞེསཔ་ད་ ག་ར་ཐུགས་ཁར་ཁྲ་ལམ་ལམ་དྲན་ཚུགསཔ་ལས་ དགུང་ལོ་བརྒྱད་བཞེས་པའི་སྐབས་ལུ་ གནམ་ལྕགས་འབར་བའི་བྱག་ཟེར་ས་ལས་ ཕ་རྒྱུད་མ་རྒྱུད་གཡིབ་བཞག་མི་འདི་བཏོན་ནི་རན་དོ་ཟེར་གསུངས་ཡོདཔ་ཨིན་རུང་ཡང་ གཏེར་ཆེན་དགུང་ལོ་དགུ་ལངམ་ད་ལུ་ཡབ་བསོད་ནམས་རྒྱལ་མཚན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚར་བའི་ཤུལ་ལུ་ ཡུམ་འཆིམ་བཟའ་སྒྲོན་མ་སྐྱིད་འདི་ཨ་ཁུ་འཚོལ་ཏེ་དེ་དང་གཅིགར་ཡར་སོ་ནུག། གཏེར་ཆེན་རྡོ་རྗེ་གླིང་པ་མཆོག་གིས་གཏེར་རབ་རྒྱ་མཚོ་བཟུམ་ལས་ གཏེར་ཁ་བརྒྱ་དང་རྩ་བརྒྱད་དང་གཏེར་ཁ་རེ་རེ་ལུ་ཁྲི་ཆེན་རེ་དང་ ཁྲི་ཆུང་དང་བསྡོམས་ད་སུམ་བརྒྱ། བཀའ་སྲུང་གཏེར་བདག་ཚུ་བརྩིས་ཏེ་མདོར་ན་གཏེར་བསམ་གྱིས་མི་ཁྱབ་པ་གདན་དྲངས་ཡོདཔ་ཨིན་མས། (རྡོ་རྗེ་རྒྱལ་མཚན། གནམ་ལོ་མེད། སྤྱི་ལོ་ ༢༠༡༦། ཤོག་གྲངས་ ༢༡༦)

བྱུང་རབས།

ཞུན་དག

བོད་ཀྱི་རྒྱལ་ཁབ་ནང་ལས་སྙན་གྲགས་ཅན་གྱི་གཏེར་ཆེན་གྱི་རྒྱལ་པོ་ལྔ་ལས་གཅིག་ གཏེར་བཏོན་རྡོ་རྗེ་གླིང་པ་འདི་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ གདུང་བརྒྱུད་དང་ཆོས་བརྒྱུད་གཉིས་ཆ་ར་བཞག་པའི་མི་ཅིག་ཨིན་མས། གཏེར་བཏོན་རྡོ་རྗེ་གླིང་པའི་ཁྱད་ཆོས་མཆོག་ཏུ་གྱུར་པ་གཅིག་འདི་ ནང་པ་དང་བོན་ཆོས་གཉིས་ཆར་མཁྱེན་མི་གཅིག་ཨིན་མས། བོད་ལུ་དེ་བཟུམ་ཆོས་ལུགས་གཉིས་ཆ་ར་མཁྱེན་མི་འདི་ཧ་ཅང་གིས་དཀོན་དྲགས་ཨིན་མས། (ཀརྨ་ཕུན་ཚོགས། གནམ་ལོ་མེད། སྤྱི་ལོ་ ༢༠༡༣། ཤོག་གྲངས་ ༡༥༥)

དགེ་འདུན་རིན་ཆེན་གྱིས་ ལྷོ་འབྲུག་ཆོས་འབྱུང་ (གནམ་ལོ་མེད། སྤྱི་ལོ་ ༢༠༢༢) ནང་ལུ་རབ་བྱུང་ ༧ པའི་ནང་འཁྲུངས་ཡོད་ཟེར་མ་གཏོགས་ ཡབ་དང་ཡུམ་དེ་ལས་ས་གནས་ཚུ་ག་ནི་ཡང་ཁ་གསལ་བཀོད་དེ་མིན་འདུག། ཨིན་རུང་ཡང་ གཏེར་ཆེན་རྡོ་རྗེ་གླིང་པ་འདི་ལོ་ཆེན་བཻ་རོའི་རྣམ་སྤྲུལ་ཨིན་མས། དེ་ལས་གཏེར་ཆེན་འདི་ང་བཅས་རའི་འབྲུག་གི་རྒྱལ་ཁབ་ནང་ལུ་བྱོན་སྟེ་ བུམ་ཐང་བྱམས་པ་ལྷ་ཁང་། པདྨའི་ཚེ་ཕུག། དྭངས་ཆུ་རྡོ་རྗེ་གུར། སྦས་གླང་བྲག། གླིང་མུ་གཏེར་ཆུ་ཚུ་གི་གནས་མ་འདྲཝ་ཚུ་ནང་བྱོན་ཏེ་ ཆོས་ནོར་གྱི་གཏེར་ལེ་ཤ་སྤྱན་དྲངས་ཡོདཔ་མ་ཚད་ ཐེད་གཞུང་ཆུ་གཉིས་འཛོམས་པའི་རི་གླངམོ་ཆེ་གི་ལྷ་པ་བཟུམ་ཡོད་ས་ལུ་ དཔལ་ལྡན་འབྲུག་གི་གདན་ས་ཆགས་ནི་ཨིན་པའི་ མ་འོངས་ལུང་བསྟན་ཡང་གནང་བའི་ཤུལ་ལས་ གླིང་མུ་ཁ་ལུ་གདན་ས་བཏབ་སྟེ་ཟབ་ཆོས་ཀྱི་བསྟན་པ་རིན་པོ་ཆེ་སྤེལ་གནང་བའི་རྗེས་སུ་ ལ་ཡག་ཕྱོགས་ལུ་སྐུ་འཁྲུངས་མི་གདུང་སྲས་གནུབས་ཆེན་གྱི་སྤྲུལ་པ་ཆོས་དབྱིངས་རྒྱ་མཚོ་གིས་ གདན་ས་འདི་བཟུང་སྟེ་གདུང་རབས་ལེ་ཤ་མཆེད་དེ་ བུམ་ཐང་བྷུ་ལི་དགོན་པ། བྱ་དཀར་ལྷ་ཁང་། ཨྱོན་ཆོས་གླིང་། ཤར་མཁོ་ཐང་ཁ་ཚུ་གི་ས་གནས་མང་རབས་ཅིག་ནང་གདན་ས་བཏབ་སྟེ་ གཏེར་ཆེན་གྱི་བསྟན་པའི་ཆོས་རྒྱུན་སྤེལ་གནང་ནུག།  

གཏེར་ཆེན་རྡོ་རྗེ་གླིང་པ་མཆོག་ལྷོ་མོན་གྱི་ཡུལ་དུ་ཡན་རིངམོ་བཞུགས་པའི་མཐའ་མར་ ཤངས་ཀྱི་མདའ་བྷ་བོ་བྷ་ཉལ་ཟེར་སའི་ས་གནས་ཁར་བྱོན་ཏེ་བཞུགསཔ་ད་ ས་གནས་དེ་ཁར་གྱི་བླམ་བྷ་ར་བ་ ཆང་བན་གཅིག། ལུག་གི་ཤ་ཁོག་པ་ཅིག་དང་སྣམ་བུ་ཕྲུག་དཀརཔོ་ཅིག་བསྣམས་ཏེ་བྱོན་ཞིནམ་ལས་ རྟོགས་ལྡན་གྱི་རྒྱལ་པོ་གཏེར་ཆེན་བླ་མ་རྡོ་རྗེ་གླིང་པ་ལུ་ ང་བཅས་ར་ཤངས་ཀྱི་ཡུལ་འདི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ ཧ་ཅང་གིས་དར་ཤིང་རྒྱས་པའི་ཡུལ་ཨིནམ་ལས་ བླ་མ་ཁྱེད་ལྷོ་མོན་མུན་པའི་གླིང་དུ་བྱོན་ཞིནམ་ལས་སྐུ་སྤྱོད་ཧྲིལ་པོར་སོང་ཡོདཔ་ལས་ ནཱ་གི་མི་ཚུ་དད་པ་མི་ལོག་ནི་དོན་ལུ་ ཁྱོད་ར་ཡང་སྐུ་ལུས་ལུ་ཐང་ཤལ་ལེགས་ཤོམ་མཛད་དེ་ འབྱོན་གནང་ཟེར་ཞུཝ་བཞིན་དུ་དེ་སྦེ་མཛད་གནང་ནུག། དེ་ལས་དགུང་ལོ་ལྔ་བཅུ་ང་དགུ་ཚོན་ཚོད་བསྟན་པ་རིན་པོ་ཆེ་ལུ་གཏེར་ཆོས་ཀྱི་འགྲོ་དོན་བསྐྱངས་གནང་སྟེ་ དགུང་ལོ་དྲུག་ཅུ་བཞེས་པའི་སྐབས་ཟླ་བ་དང་པའི་ལོ་ལུ་ ཡག་དགེ་བ་ཧོར་གྱི་དགོན་པ་ལུ་ བཅོམ་ལྡན་རྡོ་རྗེ་སེམས་དཔའི་སྙིང་ཐིག་གི་ཁྲིད་གསུངས་ཏེ་ སྤྲེལ་གྱི་ཟླ་བའི་ཚེས་ཉི་ཤུའི་ཚེ་ཕྱི་རུ་ དགོངས་པ་ཀ་དག་གདོད་མའི་དབྱིངས་སུ་ཐིམ་གནང་ནུག། (རྡོ་རྗེ་རྒྱལ་མཚན། གནམ་ལོ་མེད། སྤྱི་ལོ་ ༢༠༡༦)

དགེ་འདུན་རིན་ཆེན་གྱི་ས་ལྷོ་འབྲུག་ཆོས་འབྱུང་ནང་ལུ་ གཏེར་ཆེན་མཆོག་ལོག་གདུལ་བྱིའ་དོན་ལུ་ སྤྲུལ་སྐུ་མཆོག་ལྡན་མགོན་པོ་སྦེ་བྱོན་ཞིན་ན་ ཤར་རྩིབས་ལོགས་ཚུ་ནང་གདན་ས་བཅགས་ཏེ་ གླིང་མུ་ཁའི་གདུང་བརྒྱུད་འཛིན་མི་གི་གདུང་བརྒྱུད་ད་ལྟོའི་བར་ན་ཡང་ དྭངས་ཆུ་དང་སྲིན་ཕུ་གི་བླ་རབས་ཀྱི་བརྒྱུད་པ་ཚུ་རིམ་པ་བཞིན་བྱོན་བཞིན་པ་ཡོད། དེ་མཆོག་ལྡན་མགོན་པོའི་ཡང་སྲིད་མདོ་སྔགས་འབྱུང་གནས་ཡང་ ལྷོ་ལྗོངས་འདི་ནང་བྱོན་ཏེ་མཁོ་ཐང་ཤེལ་ལིང་རྣམ་རྒྱལ་རབ་བརྟན་གྱི་དགོན་པ་ཕྱག་བཏབ་མཛད་ཞིན་ན་ གཏེར་བཏོན་རྡོ་རྗེ་གླིང་པ་གི་བསྟན་པ་གཞི་བཙུགས་མཛད་མི་འདི་ ས་གནས་དེ་ཁར་ད་ལྟོའི་བར་ན་ཡང་བསྟན་པ་དེ་གི་ཐོག་ལུ་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་མཛད་བཞིན་པ་ཡོདཔ་ཨིན། དེ་གིས་ཡང་མ་དོ་བར་གཏེར་ཆེན་རྡོ་རྗེ་གླིང་པའི་ཞལ་སློབ་ གཏེར་བཏོན་ཨྱོན་བཟང་པོ་འདི་བུམ་ཐང་ཆོས་འཁོར་བདེ་ཆེན་ལུ་སྐུ་འཁྲུངས་ཞིནམ་ལས་ རྫོགས་ཆེན་གསལ་བའི་མེ་ལོང་གི་ཟབ་ཆོས་ཚུ་གདན་འདྲེན་ཞུ་སྟེ་ འགྲོ་དོན་མཛད་ཞིནམ་ལས་སྐུ་རྗེས་ལྷ་ཁང་ནང་ལུ་ བཀའ་བརྒྱད་ཀྱི་དཀྱིལ་འཁོར་བློས་བསླངས་ཅིག་བཞེངས་ནི་གི་ཐུགས་བཞེད་གནང་སྟེ་ དེ་གི་དཔེ་ལེན་པར་ཟངས་མདོག་དཔལ་རིའི་ཞིང་ཁམས་ལུ་བྱོན་ཏེ་ལོག་བྱོནམ་ད་ སྐུ་ལུས་མེ་མཆོད་ཕུལ་ཚར་ཏེ་གཏེར་བཏོན་བཞུགས་ས་མེད་པར་ལོག་ ཟངས་མདོག་དཔར་རིའི་ཞིང་ཁམས་ལུ་བྱོན་དགོཔ་ཐོན་སོ་ནུག།

འབྲུག་གི་སློབ་རིམ་ ༩ པའི་བྱུང་རབས་ནང་ལུ་ གཏེར་བཏོན་རྡོ་རྗེ་གླིང་པ་འདི་སྤ་རོ་དང་བུམ་ཐང་ཀྱི་ས་གནས་ གཉིས་ཆ་ར་ནང་ལུ་འགྲོ་དོན་སྦོམ་མཛད་མི་ཅིག་ཨིནམ་སྦེ་བཀོད་ནུག།  གཏེར་བཏོན་རྡོ་རྗེ་གླིང་པའི་སྲས་ཆོས་དབྱིངས་རྒྱ་མཚོ་འདི་ སྤུ་ན་ཁ་གླིང་མུ་ཁ་གི་དགོན་པ་ཤུལ་འཛིན་མཛད་དེ་ གདུང་བརྒྱུད་ལེ་ཤ་དར་ཁྱབ་མཛད་ཡོདཔ་ཨིན། ཁོང་གི་གདུང་བརྒྱུད་ཚུ་གི་ནང་ལས་ད་ལྟོ་ཚུན་ཚོད་གནས་ཚུགས་མི་འདི་ བུམ་ཐང་སྟང་ལུ་ཨྱོན་ཆོས་གླིང་གི་བཟའ་ཚང་ཚུ་ཨིནམ་མ་ཚད་ དེ་གི་ནང་མི་བཟའ་ཚང་ལས་མཚོ་སྐྱེས་རྡོ་རྗེ་གིས་ཤུལ་ལས་ དུས་རབས་ ༡༩ པའི་ནང་ལུ་ཀྲོང་གསར་དཔོན་སློབ་མཛད་དེ་ཡོདཔ་ཨིན། གཏེར་བཏོན་རྡོ་རྗེ་གླིང་པ་གི་བསྟན་པ་འདི་འབྲུག་གི་ནུབ་ཕྱོགས་ཚུ་ནང་ལུ་ ཁོ་རའི་སྤྲུལ་པ་དང་གདུང་བརྒྱུད་ཚུ་གིས་སྤེལ་གནང་ཡོདཔ་ཨིན། དེ་ཚུ་གི་གྲས་ལས་གཉིས་འདི་ཡང་ ཕྱག་ལྡན་མགོན་པོ་དང་གདོང་རྒྱས་འབྱུང་གནས་ཀྱིས་ ཤར་དར་བརྒྱད་ལུ་ཕྱག་བཏབ་མཛད་དེ་དགོན་པ་གསར་བཞེངས་མཛད་ཡོདཔ་ཨིན། ཤུལ་ལས་གཏེར་ཆེན་པདྨ་གླིང་པ་འདི་ཡང་ གཏེར་བཏོན་རྡོ་རྗེ་གླིང་པ་གི་སློབ་མ་ཆོས་དབྱིངས་པ་གིས་ངོས་འཛིན་གནང་སྟེ་ ནངས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་སེམས་ཅན་ལུ་ ལྷག་པར་དུ་ཕན་ཐོགས་ཚུགས་པའི་ལས་འཕྲོ་ཡོད་ཟེར་གསུངས་གནང་ཡོདཔ་ཨིན་མས། (ཤེས་རིག་ལྷན་ཁག། སློབ་རིམ་ ༩ པའི་འབྲུག་གི་བྱུང་རབས། གནམ་ལོ་མེད། སྤྱི་ལོ་ ༢༠༢༢)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. དགེ་འདུན་རིན་ཆེན། ལྷོ་འབྲུག་ཆོས་འབྱུང་བློ་གསར་རྣ་བའི་རྒྱན་(རྫོང་ཁ)། གནམ་ལོ། སྤྱི་ལོ་ ༢༠༢༢། རྫོང་ཁ་གོང་འཕེལ་ལྷན་ཚོགས། ཐིམ་ཕུག།

༢. ཀརྨ་ཕུན་ཚོགས། འབྲུག་གི་རྒྱལ་རབས། གནམ་ལོ་མེད། སྤྱི་ལོ་ ༢༠༡༣། རེན་ཌོམ་ཧའུསི། རྒྱ་གར།

༣. རྡོ་རྗེ་རྒྱལ་མཚན། རྣམ་ཐར་དང་གནས་ཡིག་ཐོར་བུ་ཕྱོགས་བསྒྲིགས་བློ་གསལ་མེ་ལོང་། གནམ་ལོ་མེད། སྤྱི་ལོ་ ༢༠༡༦། དཔལ་འབྲུག་ཞིབ་འཇུག་ལྟེ་བ། ཐིམ་ཕུག།

4. ཤེས་རིག་ལྷན་ཁག། སློབ་རིམ་ ༩ པའི་འབྲུག་གི་བྱུང་རབས། གནམ་ལོ་མེད། སྤྱི་ལོ་ ༢༠༢༢། རྩ་གཞུང་དང་མཁས་རིག་ལས་ཁུངས། ཐིམ་ཕུག།