གཏུམ་བྲག་ཨ་མའི་གནས། Tumdra Amai ney

༉ གཏུམ་བྲག་ཨ་མའི་གནས་འདི་ ཆུ་ཁ་རྫོང་ཁག་དར་ལ་རྒེད་འོག་གི་ས་གནས་སྐལ་བཟང་རིའི་ལ་ཞོལ་ཟེར་མི་འདི་གི་ ཤཱཀྱའི་ཕུག་གི་ཉེ་འདབས་ལུ་ ཡོད་པའི་རྒྱ་གར་གྱི་ས་གནས་ ཇཱ་ཡན་ཏི་གཡུས་ཚན་གྱི་སྦོ་ལོགས་ཁར་ འབྲུག་དང་རྒྱ་གར་གྱི་ས་མཚམས་ལུ་ཆགས་ཏེ་ཡོདཔ་ཨིན། དེ་ཡང་ ཕུན་ཚོགས་གླིང་ལས་ཀི་ལོ་མི་ཊར་ ༦༠ དེ་ཅིག་འགྲོ་འགྲུལ་འབད་དེ་འགྱོ་བའི་ཤུལ་ལས་ རྒྱ་གར་གྱི་ས་གནས་ཀྱི་ཁྲོམ་ཇཱ་ཡན་ཏི་ལུ་ལྷོད་དོ་ཡོདཔ་དང་ དེ་ཁར་ལས་དོ་རུང་ཆུའི་མཐའམ་བདའ་སྟེ་ཀི་ལོ་མི་ཊར་ ༥ དེ་ཅིག་རྐང་ཐང་སྦེ་འགྱོཝ་ད་ གཏུམ་བྲག་ཨ་མའི་གནས་སྒོ་ཁར་ལུ་ལྷོད་པའི་ཤུལ་ལས་ ད་རུང་དེ་ལས་ཁ་ཡར་གྱེན་ཁ་ཐུག་ལྟ་དུས་ཡུན་སྐར་མ་ ༢༠ དེ་ཅིག་རྐང་ཐང་སྦེ་འགྱོ་དགོ་དོ་ཡོདཔ་ཨིན། ད་ལྟོ་གཏུམ་བྲག་ཨ་མའི་གནས་དེ་ཁར་ ཆུ་ཁ་རབ་སྡེ་གིས་བསྐོ་བཞག་འབད་ཡོད་པའི་བླམ་གཅིག་ཡོདཔ་མ་ཚད་ བླམ་དང་དགོན་པ་ལུ་ཉེ་བར་མཁོ་བའི་མཁོ་ཆས་དང་མཐུན་རྐྱེན་དེ་ཚུ་ཡང་ ཆུ་ཁ་རབ་སྡེ་དང་རྫོང་ཁག་བདག་སྐྱོང་གཉིས་ཀྱིས་རྒྱབ་སྐྱོར་མཛད་གནང་དོ་ཡོདཔ་ཨིན་མས། ཨིན་རུང་ཡང་དེང་སང་ག་ནི་བ་ཁག་ཆེ་བའི་མཐུན་རྐྱེན་ཡོད་པ་ཅིན་ཐབས་མཆོག་ཏུ་གྱུར་པ་དང་ གལ་སྲིད་དེ་མེད་པ་ཅིན་ཐབས་ཆག་ང་བཅས་རའི་མི་ཚེའི་གནས་སྟངས་ལུ་ཉེ་བར་མཁོ་བའི་གློག་མེ་དང་འགྲུལ་འཕྲིན་གྱི་མཐུན་རྐྱེན་འདི་མེདཔ་ཨིན་མས། (ཆུ་ཁ་རྫོང་ཁག་བདག་སྐྱོང་། གནམ་ལོ་མེད། སྤྱི་ལོ་ ༢༠༢༣)

ཌེང་ཀརསི་གེཊ་ཨ་ཝེ་ཟེར་མི་ཕེསི་བྷུག་ནང་ལུ་ གཏུམ་བྲག་ཨ་མའི་གནས་འདི་ཁར་འགྱོ་སའི་ལམ་ཁག་གཉིས་ཡོད་པའི་ལོ་རྒྱུས་ཚུ་བཤད་དེ་འདུག། དེ་ཡང་ཆུ་ཁ་རྫོང་ཁག་དར་ལ་རྒེད་འོག་གི་ ས་གནས་སྐལ་བཟང་རིའི་ལ་ཞོལ་ཟེར་ས་ལུ་ཡོད་པའི་ཤཱཀྱ་ཕུག་ཟེར་མི་གི་ ཉེ་འདབས་ལུ་རྒྱ་གར་གྱི་ས་གནས་ ཇ་ཡཱན་ཏི་ཟེར་མི་གཡུས་ཚན་གྱི་སྦོ་ལོགས་ཁར་རྒྱ་གར་དང་ འབྲུག་གཉིས་ཀྱི་ས་མཚམས་ལུ་ཆགས་ཏེ་ཡོདཔ་ཨིན། གནས་དེ་ཁར་འགྱོ་སའི་ལམ་ཁག་གཉིས་ཡོད་ས་ལས་ལམ་གཅིགཔོ་དེ་ དར་ལ་ཤིང་སྐྱུར་ལ་ལས་མར་ལྟ་སྐལ་བཟང་རིའི་ལ་ཞོལ་ལས་བབས་འགྱོཝ་ད་ ཧ་ལམ་ཆུ་ཚོད་དྲུག་དེ་ཅིག་འགོར་སའི་ས་ཁར་ཆགས་ཏེ་ཡོདཔ་ལས་ ལམ་བདའ་གྱེན་གཟར་དྲགས་ཡོད་ནི་དེ་གིས་ལམ་དེ་ཁ་ལས་འགྱོ་མི་གནས་སྐོརཔ་ཉུང་སུ་ཅིག་ལས་མེདཔ་ཨིན་པས། རྒྱུ་མཚན་དེ་གིས་སྦེ་གནས་སྐོར་ལུ་འོང་མི་མང་ཤོས་ཀྱིས་ རྒྱ་གར་གྱི་ས་གནས་ཛ་ཡ་གའུན་ལས་ཀི་ལོ་མི་ཊར་ ༡༦ དེ་ཅིག་འགྱོ་དགོ་སའི་ས་གནས་ཧང་སི་མཱ་ར་ལས་སྦེ དེ་ཁར་ཡོད་པའི་བྱང་ཆུབ་ཤིང་གི་ལྟག་ལས་ཕར་ གསེབ་ལམ་ཅིག་ཡོད་མི་བདའ་སྟེ་འགྱོཝ་ད་ལུ་ ཧེ་མཱལ་ཀྲིན་བརྒྱུད་དེ་ཀཱལ་ཅི་ནི་ཚུན་ཚོད་ ཧ་ལམ་ཀི་ལོ་མི་ཊར་ ༡༢ དེ་ཅིག་ལྷོད་ས་ལུ་ལྷོདཔ་ཨིན་མས། ཀཱལ་ཅི་ནི་གི་ས་གོ་ལས་ཕར་རཱ་ཛ་བཱཏ་ཁ་ཝ་ཚུན་ཚོད་ལུ་ དོ་རུང་ཀི་ལོ་མི་ཊར་ ༡༣ དེ་ཅིག་སྣུམ་འཁོར་ནང་ལུ་འགྱོཝ་ད་ནགས་ཚལ་གྱི་འགེགས་སྲུང་ནང་ལུ་ལྷོདཔ་ཨིན་མས། བཱུག་ས་དུར་ཟེར་བཱུག་ས་སེམས་ཅན་སྟག་ གསོག་འཇོག་འབད་བཞག་སའི་ས་གནས་དེ་ཁར་ལྷོདཔ་ད་ ལམ་རྒྱ་གྲམ་ཅིག་ཁར་ལྷོདཔ་ད་ལུ་ ལམ་ཕྲང་སྟེ་ཡོད་མི་བདའ་མ་འགྱོ་བར་དེ་ཁར་ཡོད་པའི་བརད་བྱང་དང་འཁྲིལ་ཏེ་ ལམ་གཡས་ཁ་ཐུག་བཏོགས་ཏེ་དེ་ཁ་ལས་ཀི་ལོ་མི་ཊར་ ༡༠ དེ་ཅིག་འགྱོཝ་ད་ ས་གནས་ཇཱ་ཡན་ཏི་གི་འགེགས་སྲུང་ལུ་ལྷོདཔ་ཨིན་མས།

གཏུམ་བྲག་ཨ་མའི་གནས་ཀྱི་ལོ་རྒྱུས།

ང་བཅས་རའི་རྒྱལ་ཁབ་འདི་ཧེ་མ་ཆོས་རྩ་ལས་མ་དར་བ་ མཐའ་འཁོབ་ཅན་གྱི་ཡུལ་ལྷོ་མོན་ལྗོངས་ཟེར་སྡོད་ཡོདཔ་ཨིན་རུང་ བདག་ཅག་གི་སྟོན་པ་ཐུགས་རྗེ་བླ་ན་མེད་པར་མངའ་བའི་བདག་ཉིད་ རྒྱལ་བ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དཔལ་ཤཱཀྱ་ཐུབ་པ་མཆོག་གིས་ ལུང་བསྟན་གནང་མི་དང་འཁྲིལ་ཏེ་ དུས་རབས་བརྒྱད་པའི་ནང་ལུ་ཁོ་རའི་སྐུ་ཚབ་སངས་རྒྱས་གཉིས་པ་སྦེ་བྱོན་མི་ དུས་གསུམ་ག་ར་ཐོགས་ཆགས་མེད་པར་མཁྱེན་ཏེ་ས་གསུམ་ནང་ལུ་འགྲན་ཟླ་མེད་པའི་སྔགས་འཆང་གི་བདག་པོ་ ཨྱོན་མཧཱ་གི་གུ་རུ་ཆེན་པོ་གིས་ཞབས་ཀྱིས་བཅགས་ཏེ་ནག་ཕྱོགས་ཀྱི་ལྷ་མ་སྲིན་ག་ར་ དམ་ལུ་བཏགས་གནང་སྟེ་ས་གནས་ནང་ལུ་ཡོད་པའི་ ནང་པའི་ཆོས་ཀྱི་བསྟན་པ་སྲུང་མི་ཆོས་སྐྱོང་སྦེ་བསྐོ་བཞག་གནང་སྟེ་དེ་ཚུ་གིས་ད་ལྟོ་ཡང་ཕྱག་ཞུ་བཞིན་པ་ཡོདཔ་ཨིནམ་མ་ཚད་ ས་གནས་ཐདམ་ཐད་ཁར་ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་ གཏམ་བཞག་སྟེ་ཨྱོན་གུ་རུ་གིས་སྦས་གནས་ཁྱད་པར་ཅན་ལུ་བྱིན་གྱིས་བརླབས་གནང་ནུག། འབྲུག་རྒྱལ་ཁབ་ནང་ལུ་ཡོད་པའི་གནས་ཆེན་ཚུ་གི་གྲལ་ལས་ གཏུམ་བྲག་ཨ་མའི་གནས་ཡང་ཅིན་ཚང་ཚིང་འཁྲིགས་པ་དང་ མེ་རི་འབར་བའི་དུར་ཁྲོད་ཟེར་འཛམ་གླིང་སའི་ལྟེ་བ་ རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ལུ་ཉེར་བཞིའི་ཡུལ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ནང་གསེས་ཅིག་ཨིན་མས། དེ་ཡང་ ས་བག་ཆགས་ལྡན་པ་རྒྱ་བོདམཚམས། རི་ལྷུན་ཆགས་དཔའ་བོ་མཁའ་འགྲོའི་གནས། རོང་མུན་པ་ཚང་ཚིང་འཁྲིགས་པ་འདི། ངོ་ཤེས་ན་ཙེའུ་རི་དཀར་མོའི་ཞིང་། ཟེར་གསུངས་དོ་བཟུམ་སྦེ་ གནས་མཆོག་གཏུམ་བྲག་གི་གནས་འདི་རྒཡ་དང་བོད་ཀྱི་ས་མཚམས་ལུ་ རི་རྒྱལ་ལྷུན་པོ་བཟུམ་སྦེ་ག་ནི་བ་ཉམས་དགའ་ཏོག་ཏོ་སྦེ་ཆགས་ཡོད་མི་འདི་ དཔའ་བོ་དང་དཔའ་མོའི་ཞིང་ཁམས་ཨིན་མས། དེ་ལས་རོང་མུན་པ་ཚང་ཚིང་འཁྲིགས་པ་ཟེར་མི་འདི་ ངོ་ཤེས་པ་ཅིན་ཙིའུ་རི་དཀར་མོའི་ཞིང་ཁམས་ཨིན་ཟེར་གསུངས་ཡོད་མི་གི་གནས་ཆེན་འདི་ དུས་རབས་ ༡༤ པའི་སྤྱི་ལོ་ ༡༣༣༣ ནང་ལུ་བྱོན་པའི་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་མཆོག་གི་ས་གནས་དེ་ཁར་བྱོན་ཞིནམ་ལས་གནས་སྒོ་ཕྱེས་གནང་ཡོདཔ་ཨིན་མས།

དུས་རབས་ ༡༧ པའི་ནང་ལུ་གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོ་ཡང་ གནས་དེ་ཁར་བྱོན་ཏེ་གནས་ཀྱི་བསྟོད་པ་ཡང་དེ་སྦེ་གསུངས་ནུག། དེ་ནི་བྲག་རི་ཧོམ་ཁུང་ལྟ་བུའི་ནང་། ཆུ་བོ་རྦ་ཀློང་འཁྲུགས་པའི་ཧཱུང་སྒྲ་ཅན། ཁྲོ་བོའི་རལ་པ་འཛིང་འདྲའི་ནགས་ཀྱི་ཁྲོད། བྲག་རི་ཟུར་གསུམ་དཔལ་གྱི་གཏོར་མ་འདྲ། གློ་སྙིང་ཕན་འཕྲུལ་རྒྱུ་མའི་དྲཱ་ཕྱེད་ཚུལ། རང་བྱུང་གྲུབ་པའི་བསྟི་གནས་ངོ་མཚར་ཆེ། གང་དུ་རིག་འཛུན་འདུས་པ་ཆེན་པོ་ཡི། རྡོ་རྗེ་ཕུར་པའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད། ཟེར་རྡོ་རྗེའི་ཚིག་གིས་གསུང་ཚུ་ཡང་ཡོདཔ་ཨིན། དེ་ལས་དུས་རབ་ ༡༨ པའི་ནང་ལུ་གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་བྱོན་ཏེ་ གདན་ས་འདིའི་མིང་ལུ་གཏུམ་བྲག་གི་གནས་ཟེར་མཚན་གསོལ་གནང་ནུག། གནས་འདི་གི་ཆགས་སྟངས་དེ་ཡང་གནམ་གྲུ་གསུམ་སྦེ་  ས་གྲུ་གསུམ་གྱི་ཚུལ་དུ་མཇལ་ནི་ཡོད་པ་མ་ཚད་ དེ་ཁར་ཡོད་པའི་གནས་ཀྱི་རིམ་པ་ཚུ་ཡང་ ལྷ་མོ་ཨེ་ཀ་ཛཊཱིའི་བླ་མཚོ། ལྷ་མོ་ནོར་རྒྱུན་མའི་གནས། ནད་རིགས་བཞི་བརྒྱ་རྩ་བཞི་འཇོམ་པའི་སྨན་ཆུ། གུ་རུའི་གནས་ཁང་། གུ་རུའི་བླ་མཚོ། རྡོ་རྗེ་ཕག་མོའི་གནས་ཁང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྒྲུབ་ཁང་། རྗེ་བཙུན་སྒྲོལ་མའི་གནས་ཁང་། སྔགས་སྲུང་ཨེ་ཀ་ཛ་ཊིའི་གནས་ཁང་། ཨམ་རྐང་གཅིག་མའི་སྐུ་གཟུགས་རྡོ་རང་བྱོན། ཚེ་རིང་མཆེད་ལྔའི་ལྷ་ཚོགས། ཞི་ཁྲོའི་ལྷ་ཚོགས། དུར་ཁྲོད་བརྒྱད་ཀྱི་ནང་གསེས་མེ་རིའབར་བའི་དུར་ཁྲོད། ཟངས་མདོག་དཔལ་རིའི་ཞིང་ཁམས། བདེ་བ་ཅན་གྱི་ཞིང་ཁམས། ཞིང་ཁམས་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་མཇལ་ནི་ཡོད། གནས་དེ་ཁར་མི་དབང་རྒྱལ་རབས་བཞི་པའི་མ་ཡུམ་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་བཀའ་དགོངས་བཞིན་ སློབ་དཔོན་ཉ་སྦིས་ཀྱིས་འགོ་འདྲིན་ཐོག་ལུ་ཕྱི་ལོ་ ༡༩༦༧ ལུ་བསྟན་འགྲོའི་དོན་དུ་ལྷ་ཁང་ཅིག་ཡང་བཞེངས་གནང་ཡོདཔ་ཨིན་མས།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཆུ་ཁ་རྫོང་ཁག་བདག་སྐྱོང་། གཏུམ་བྲག་ཨ་མའི་གནས་སྐོར། གནམ་ལོ་མེད། སྤྱི་ལོ་ ༢༠༢༣། ཡོངས་འབྲེལ་ཁ་བྱང་། http://www.chhukha.gov.bt/dz/tourism/gtum-brg-mi-gns-skor

༢. མི་ཤི་ལི་སོ་རཱན་སཱན། མི་ཚེའི་མཛོད་ཁང་-ཕ་དམ་པ་སངས་རྒྱས། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཡོངས་འབྲེལ་ཁ་བྱང་། https://w.wiki/9W8C