ལོ་རྒྱུས་ལས་འབད་བ་ཅིན་ སྐར་མ་རི་ཁི་ཟེར་མི་འདི་ ལོ་གཅིག་གི་རིང་ལུ་ གླིང་བཞི་སྐོར་བའི་སྐབས་ ཚར་གཅིག་ དུས་ཡུན་ཐུང་ཀུ་ཅིག་གི་རིང་ལུ་ ལྷོ་ཕྱོགས་ཀྱི་མཚོ་ནང་བཞུགས་མི་སངས་རྒྱས་ཀྱི་དབུའི་ཐད་ཕྲང་སྟེ་ལྷོད་ནི་ཡོདཔ་ཨིན་མས། དེའི་གནས་སྐབས་ལུ་ སངས་རྒྱས་ཀྱི་དབུ་ལས་བདུད་རྩི་བབས་ཏེ་ འཛམ་བུ་གླིང་གི་ཆུ་དང་ཆརཔ་གཅིག་ཁར་སླ་བསྲེས་ཏེ་ ཆུ་གི་ཐིགས་པ་ཚུ་ཡང་ རང་བཞིན་གྱིས་བདུད་རྩི་ལུ་འགྱུར་དོ་ཡོདཔ་ཨིན་མས། ཁྲུས་བབས་འདི་ལོ་ཨ་རྟག་ར་ རང་ཟླ་ ༨ པའི་ ཚེས་༢༡ ལུ་ཕོགཔ་ཨིན།

ཁྲུས་བབས་འདི་ འབྲུག་མི་ཚུ་གི་དོན་ལུ་ ལམ་སྲོལ་གྱི་དུས་སྟོན་གལ་ཅན་ཅིག་ཨིནམ་དང་མང་ཤོས་ཅིག་ འབྲུག་གི་ཤར་ཕྱོགས་ཀྱི་རྫོང་ཁག་ནང་ལས་ཕར་བརྩི་སྲུང་རྒྱས་ཞིང་རྒྱསཔ་སྦེ་ཞུཝ་ཨིན་མས། ཁྲུས་བབས་ཀྱི་སྐབས་ལུ་ ཡིག་ཚང་དང་ལས་སྡེ་ཚུ་ག་ར་ ངལ་གསོ་སྦེ་བཞགཔ་ཨིན། ཁྲུས་བབས་ཀྱི་ཉིམ་འདི་ རང་གི་ལམ་སྲོལ་བདག་འཛིན་འབད་ནི་དང་ ལྷ་ཆོས་སྐྱོང་སྲུང་མལུ་ དད་པ་དང་མོས་གུས་བསྐྱེད་ནིའི་ཉིནམ་ཁག་ཆེ་ཤོས་ཅིག་ཨིནམ་སྦེ་ཆ་བཞགཔ་ཨིན་མས། ཁྲུས་བབས་ཀྱི་སྐབས་ལུ་ ཤ་དང་ཆང་ཚུ་ལུ་ལོངས་མ་སྤྱོད་པར་ ག་ར་གིས་མར་ཟས་ཤ་ཁྲག་རིགས་གསུམ་སྤངས་ཞིནམ་ལས་ ཉིནམ་འདི་ཁར་དཀར་ཟས་ལུ་ལོངས་སྤྱད་དེ་ དཀརཔོ་དགེ་བའི་ལཱ་ལུ་བརྩོན་དགོཔ་སྦེ་་ཨིན་མས། 

ཁྲུས་བབས་ཀྱི་སྐབས་ལུ་ ང་བཅས་ཀྱིས་གཟུགས་འཁྱུ་ཚུགས་པ་ཅིན་ རང་གི་ལུས་ལུ་ཡོད་པའི་ལས་སྒྲིབ་ཚུ་ག་ར་འདག་ནི་དང་ ན་ཚ་དང་རྐྱེན་བར་ཆད་ མ་རིག་པའི་གནད་དོན་ཚུ་ག་ར་ བཤལ་གཏངམ་ཨིནམ་སྦེ་བཤདཔ་ཨིན། ཁྲུས་བབས་ཀྱི་ཉིནམ་འདི་ནང་ལུ་ ཁྲུས་ནམ་འབབ་ནི་ཨིན་ན་ རྩིསཔ་ཚུ་ལུ་དྲིས་ཞིནམ་ལས་ ཁྲུས་བབས་པའི་དུས་ཚོད་ལུ་ར་ སྨོན་ལམ་ལེགས་བཏབ་སྟེ་ གཟུགས་འཁྱུ་ཚུགས་པ་ཅིན་ གནམ་མེད་ས་མེད་ཕན་ཡོན་ཡོདཔ་ཨིན་མས། ཨིན་རུང་ ད་རེས་ནངས་པ་གི་དུས་ལུ་ དྲོ་པ་ཧ་སག་ལོང་ནི་འདི་དཀའ་ངལ་ཅིག་ཨིནམ་ལས་བརྟེན་ མི་ཚུ་གིས་ ཧོད་ཅིག་ནང་ལུ་ ཆུ་ཨ་ཙི་ཅིག་བཀང་ཞིནམ་ལས་ དེ་ནང་ལུ་ དྲི་བཟང་དང་ག་བུར། མེ་ཏོག་ལྷམ་པ་མ་འདྲཝ་ཚུ་བླུགས་ཏེ་་ ཕྱི་ཁར་ས་གཙང་ས་ཅིག་ནང་ ནུབ་མོ་སྐར་མའི་འོག་ལུ་བཞག་པ་ཅིན་ གནམ་ཁ་ལས་བབས་པའི་བདུད་རྩི་འདི་ ཆུའི་ཧོད་ནང་བབས་ཏེ དེ་གིས་མགོ་ཏོ་འཁྱུ་རུང༌། གཟུགས་འཁྱུ་རུང་ ཁྲུས་བབས་པའི་དུས་ཚོད་ཁར་ འཁྱུ་མི་དང་དབྱེ་བ་མེད་པར་ ཕན་ཡོན་དང་ནུས་པ་ཡོདཔ་སྦེ་བརྩིས་ཏེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

ཁྲུས་བབས་ཀྱི་ཉིནམ་ལུ་ གཞུང་གི་ཡིག་ཚང་དང་ལས་སྡེ་ཚུ་ག་ར་ ངལ་གསོ་སྦེ་བཞག་དོ་ཡོདཔ་ལས་ ཉིནམ་འདི་ཁར་ ལཱ་ཁག་ཆེ་ཏོག་ཏོ་ག་ཅི་བཟུམ་ཡོད་རུང་ བཤོལ་བཞག་སྟེངལ་འཚོ་སྟེ་སྡོདཔ་ཨིན། དེ་མ་ཚད་ ཉིནམ་འདི་གི་སྐབས་ལུ་ ས་ཕྱོགས་གཞན་ཁར་ཡོད་མི་ ཕམ་དང་སྤུན་ཆ་ ཁྱིམ་ཚང་གཉེན་ཉེཝ་ཚུ་ ག་ར་རང་གི་གཡུས་ཁར་འོངས་སྦེ་ གཅིག་ཁར་འཛོམས་ཏེ་  མི་ཚེ་འདི་ནང་ རྐྱེན་བར་ཆད་ཚུ་ག་ནི་ཡང་མེད་པར་ བཟའ་འཐུང་ལོངས་སྤྱོད་ཕུན་སུམ་ཚོགས་ཏོག་ཏོ་འོང་ནིའི་དོན་ལུ་ དྲོ་པ་ཧ་སག་ལོངས་ཞིནམ་ལས་ དང་པ་ར་ གཟུགས་ཧིང་སང་ས་སྦེ་འཁྱུ། དེ་ལས་གོ་ལ་་གསརཔ་ཚུ་གྱོན་ཏེ་ དྲོ་པ་གི་ཐུགཔ་ལས་འགོ་བཙུགས་ཏེ་ བཞེས་སྒོ་ལྷམ་པ་མ་འདྲཝ་སྦེ་རྡིག་སྟེ་ མཛར་ཅུམ་གྱི་དགའ་སྤྲོསྟོནམ་ཨིན་མས། དེ་ལས་ ཕོ་སྐྱེས་ཚུ་གིས་ ཁྲུས་བབས་ཀྱི་ཉིནམ་འདི་ལུ་ མདའ་དང་ཁུ་རུ་ལ་སོགས་པའི་རྩེདམོ་ཚུ་བརྩེ་བའི་སྐབས་ ཨམ་སྲུ་ཚུ་གིས་ རྩེདམོ་རྩེ་ས་ལུ་ ཞབས་ཁྲ་རྐྱབ་ཤེས་མི་ཚུ་གིས་ཞབས་ཁྲ་རྐྱབ་ དེ་ལས་ཞབས་ཁྲ་རྐྱབ་མ་ཤེས་མི་ཚུ་གིས་ ཇ་ཆང་ཚུ་བསྒྲིགས་ཏེ་སྐྱེལཝ་ཨིན་མས། ཉིན་མར་རྩེདམོ་བརྩེས་ཏེ་ ཕྱི་རུ་ཕོ་མོ་ག་ར་ གནསཔོ་གཅིག་གིས་ཁྱིམ་ནང་ལུ་ དགའ་དགའ་སྤོ་བའི་སྒོ་ལས་ དྲོ་པ་ཚུན་ཚོད་ཞབས་ཁྲ་རྐྱབ་སྟེ་སྡོདཔ་ཨིནམ་དང་། གཡུས་སྒོ་ལ་ལུ་ཅིག་ནང་ ཕྱི་རུ་ནུབམོ་གཅིག་ ཁྱིམ་ལས་ཁྱིམ་བརྒྱུད་དེ་ བཞེས་སྒོ་དང་ཇ་ཆང་ལུ་ལོངས་སྤྱད་དེ་ ཞབས་ཁྲ་ཚུ་རྐྱབ་སྲོལ་ཡང་ཡོདཔ་ཨིན་མས།

ཁྲུས་བབས་ཀྱི་ཉིནམ་འདི་ དུས་ཧེ་མ་ལས་ར་ འབྲུག་མི་ཚུ་གིས་གནམ་མེད་ས་མེད་ ཁག་ཆེ་ཏོག་ཏོ་ཅིག་སྦེ་རྩིཝ་ཨིནམ་དང་ ད་ལྟོའི་བར་ན་ཡང་ འགྱུར་བ་ག་ནི་ཡང་མེད་པར་ བརྩི་མཐོང་དང་དག་སྣང་ཚུ་ ག་ཅི་དེ་ལྷག་བསམ་རྣམ་དག་སྦེ་འབདཝ་ཨིན་ནོ།།    

   

ཁུངས་གཏུག། Namgay, D. (2011). Lomae Lochoe. In proceedings of the sixth Colloquium on Tangible and Intangible culture of Bhutan.

samten (n.d.). Retrieved from https://acharyasamten.blogspot.com.

"https://dz.wikipedia.org/w/index.php?title=ཁྲུས་བབས།&oldid=33269" ལས་ སླར་འདྲེན་འབད་ཡོདཔ།