ཁྲི་རབས་དྲུག་བཅུ་རེ་བརྒྱད་པའི་རྣམ་ཐར།

བཀའ་དྲིན་ཅན་གྱི་བླམ།

ཞུན་དག
 
 

དཔལ་ལྡན་འབྲུག་པའི་གདུལ་ཞིང་ཁ་བཞི་སྨན་ལྗོངས་འདིའི་དབུས་འགྱུར་འཆང་གི་ཡུལ་གྲུ་ཤར་ཝང་སྤ་གྲོ་གསུམ་དུ་གྲགས་པའི་ཡ་གྱལ་ཤར་སྟོད་ཀྱི་ནང་གསེས་དཔལ་ལྡན་འབྲུག་པའི་གདུལ་ཞིང་ཁ་བཞི་སྨན་གྱི་ལྗོངས་འདིའི་དབུས་འགྱུར་ཕ་སྡིངས་ཁ་ཞེས་བྱ་བའི་ཡུལ་དུ། ཡབ་ཨྱོན་དང་ཡུམ་ཚུལ་ཁྲིམས་བཟང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་གནམ་ལོ་ཤིང་གླང་ལོར་སྤྱི་ལོ་༡༩༢༥ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། དེ་ནས་ཡུམ་གྱིས་སྐུ་རྒྱབ་ཏུ་འཁུར་ནས་ འབྲུག་ཆེན་ངག་དབང་ཆོས་རྒྱལ་དང་འབྲུག་པ་ཀུན་ལེགས་ཀྱི་གདན་ས་ཁྱི་འབུར་ལྷ་ཁང་ངམ་འཆི་མེད་ལྷ་ཁང་དུ་ཕྱིན་ནས་ཕྱག་འཚལ་མཆོད་པ་འབུལ་ཞུས་དུས་མཚན་ཀུན་ལེགས་ཞེས་བཏགས། སྐུ་ཅུང་ཟད་སོན་ནས་དགུང་ལོ་གསུམ་ལ་ཡབ་ཡུམ་གྱིས་སྐུ་རྒྱབ་ཏུ་འཁུར་ནས་དཔལ་ལྡན་འབྲུག་པའི་གདན་ས་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་གི་རྗེ་མཁན་ཁྲི་རབས་༥༦་པ་ཆོས་ཀྱི་དབང་ཕྱུག་གི་ཞབས་ལ་གུས་ཕྱག་གིས་བཏུད་དེ་འདུས་སྡེར་མཚན་ཐོ་བཀོད། དགུང་ལོ་བདུན་ལ་སྤུངས་ཐིམ་གྲྭ་ཚང་དུ་ཞུགས་ནས་རྗེ་མཁན་ཆོས་ཀྱི་དབང་ཕྱུག་གི་ཞབས་ནས་དགེ་ ཚུལ་གྱི་སྡོམ་པ་ཞུས། དེ་ནས་དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཆོས་སྤྱོད་དང་དཀྱིལ་

ཆོག་གི་འདོན་ཆ་ཡོངས་རྫོགས་བློར་འཛིན་དང་གདངས་དབྱངས་ཕྱག་རྒྱ་སོགས་ཆོ་གའི་ ཕྱག་ལེན་དཔྱིས་ཕྱིན་པར་བསླབས་ཏེ་མཐར་འཁྱོལ་བྱུང་བས་ཀུན་ཀྱང་ཡིད་སྨོན་ཤོར། དེ་ ནས་སྤྱི་ལོ་༡༩༣༧དགུང་ལོ་བཅུ་གསུམ་ལ་རྗེ་དེའི་ཞབས་དྲུང་ནས་དཔལ་ལྡན་འབྲུག་ པའི་ལུགས་ཀྱི་དབང་ལུང་ཁྲིད་གསུམ་མཐར་ཆགས་སུ་གསན་པར་མཛད།

དེ་ནས་སྤྱི་ལོ་༡༩༤༡དགུང་ལོ་བཅུ་བདུན་སོན་པ་ན་འཇིག་རྟེན་འཁོར་བའི་བྱ་བཞག་ གཙུག་ལག་རིག་གཞུང་ལ་ཐོས་བསམ་ཞིག་ཅིས་ཀྱང་སྙིང་པོ་མེད་པར་གཟིགས་ཏེ། བྱ་དགོས་སྙམ་པའི་ཐུགས་འདུན་དྲག་པོ་བསྐྱེད་དེ་ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནས་རང་ཐག་བཅད་དེ་རང་ཡུལ་དུ་ཡུམ་རྒན་མོའི་གམ་དུ་ཕྱིན་ནས་ཞག་འགའ་བཞུགས། ཡུམ་གྱིས་ཉེར་མཁོའི་ཡོ་བྱད་བྱིན་ནས་ཆོས་ཡང་དག་བྱེད་དགོས་པའི་བསྐུལ་འདེབས་ཞུས། ཐར་པ་གླིང་དུ་འབྱོར། དེར་རྫོགས་ཆེན་མཁན་པོ་གཞན་ཕན་ཆོས་སྣང་གི་ཞལ་སློབ་དེ་ནས་ཡོ་བྱད་རྣམས་སྐུ་རྒྱབ་ཏུ་འཁུར་ནས་དཀའ་ཚེགས་ཆེན་པོས་བགྲོད་དེ་བུམ་ཐང་ཆོས་བྲག་བླ་མ་རིན་ཆེན་རྡོ་རྗེ་བཞུགས་པའི་སྤྱན་སྔ་ནས་དབུ་མ་རྩ་འཇུག་བཞི་སྤྱོད་ལ་སོགས་པ་དང༌། མངོན་པ་གོང་འོག་སོགས་གཞུང་ཆེན་སྐོར་རགས་རིམ་ཙམ་གསན་པར་མཛད་པ་མ་ཟད།

ཐར་གླིང་དགོན་པར་ཀཿཐོག་མཁན་རིན་པོ་ཆེ་ངག་དབང་ཕྲིན་ལས་མཆོག་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱར་གཞོལ་བའི་མཚམས་གཡོག་བྱེད་དེ་ མ་ཇོ་གསུམ་གྱི་རིང་ལ་བླ་མ་དེའི་སྤྱན་སྔ་ནས་སྤྱོད་འཇུག་དང༌། དབུ་མའི་སྐོར་ཆ་ཚང༌། མངོན་པ་གོང་འོག། ཕར་ཕྱིན་སོགས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་གོ་ལོ་ཐོས་ལོ་ཙམ་དུ་མ་ལུས་པར་གཞུང་སོ་སོའི་ཚིག་དོན་ལ་ཐོས་པས་མཐའ་རྒྱ་བཅད། བསམ་པས་གཏན་ལ་ཕབས་ཏེ་སྒྲོ་འདོགས་ཆོད་པའི་གསན་སྦྱངས་དཔྱིས་ཕྱིན་པར་མཛད། དེ་དུས་དཔལ་ལྡན་འབྲུག་པའི་བསྟན་པ་འཛིན་སྐྱོང་བྱེད་དགོས་པའི་ལུང་བསྟན་ལྟ་བུར་སྐབས་ཤིག་གི་ཚེ་མཚན་མོ་གཟིམ་ཁུག་པའི་མནལ་ལམ་གྱི་འཆར་སྒོར་ཀུན་མཁྱེན་པདྨ་དཀར་པོའི་བཀའ་འབུམ་རྒྱབ་ཏུ་འཁུར་བའི་མཚན་ལམ་བྱུང་བའི་རྐྱེན་ལས་བརྟེན། བཤེས་གཉེན་ཆེན་པོ་པདྨ་ཚེ་རིང་གི་སྤྱན་སྔ་ནས་ཀུན་མཁྱེན་པད་དཀར་གྱི་བཀའ་འབུམ་གྱི་ལྗགས་ལུང་ཞུས་པར་མཛད།

དེ་རྗེས་སྐུ་ཞང་མཚམས་པ་རིན་ཆེན་ལྷོང་མཚོ་བཀྲིས་སྒང་དུ་བཞུགས་ཡོད་པ་དེ་བསྙུང་གཞིས་ཐེབས་ཚུལ་གསན་པས་བཀྲིས་སྒང་དུ་ཕྱིན་ནས་ནད་གཡོག་བྱེད། དེ་དུས་མཚམས་མེ་ཏོག་དཔལ་བཟང་གི་སྤྱན་སྔ་ནས་ཕྱག་ཆེན་སྔོན་འགྲོའི་ཁྲིད་དང་ལག་ལེན་རྣམས་ཞུས་ནས་བསགས་སྦྱངས་ལ་བརྩོན་ པར་མཛད། སྔོན་འགྲོའི་བཅད་རྒྱ་གྲོལ་བ་དང་སླར་བུམ་ཐང་ཐར་པ་གླིང་དུ་བྱོན། རྫོགས་ ཆེན་གྱི་རྣལ་འབྱོར་པ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་གྱི་སྤྱན་སྔ་ནས་ཀློང་ཆེན་སྙིང་ ཐིག་སྔོན་འགྲོ་དང་དབང་ལུང་ཁྲིད་གསུམ་ནོད་དེ་སྒོམ་སྒྲུབ་ལ་གཞོལ།[]

ReplyForward
  1. འབྲུག་གི་རྗེ་མཁན་པོ་ཁྲི་རབས་༦༨པ་བསྟན་འཛིན་དོན་གྲུབ་མཆོག་གི་རྟོགས་བརྗོད་དད་གསུམ་ཆུ་གཏེར་འཕེལ་བའི་ཟླ་བ་བཞུགས་སོ།།