ཀྲོང་གསར་རྫོང་།

ཀྲོང་གསར་རྫོག་འདི་ སྡེ་སྲིད་ཁྲི་རབ་གསུམ་པ་ ཆོས་རྒྱལ་མི་འགྱུར་བརྟན་པ་ ཧེ་མ་མང་སྡེ་ལུང་པའི་སྤྱི་བླ་འབད་བཞུགས་པའི་སྐབས་དང་ཕུ་ལས་ཡོངས་འཛིན་ངག་གི་དབང་ཕྱུག་གིས་མོན་སྒྲུབ་སྡེ་ཟེར་གདན་ས་ལྕགས་གནང་ཡོད་མི་འདི་སྤྱི་ལོ་ ༡༦༤༤ གི་ལོ་ལུ་རྒྱ་བསྐྱེད་སྦོམ་མཛད་དེ་བཞེངས་པའི་ཁར་ རྫོང་གི་མིང་ཡང་འབྲུག་མི་འགྱུར་ཆོས་འཁོར་རབ་བརྟན་རྩེ་རྫོང་ཟེར་བཏགས་གནང་ནུག་ དེ་གིས་འབད་ ད་རེས་ནང་པར་ཆོས་རྩེ་རྫོང་ཟེར་སླབ་སྲོལ་དང་། ཧེ་མ་ལས་ཡོངས་འཛིན་ངག་གི་དབང་ཕྱུག་གིས་གདན་ས་གསརཔ་བཅགས་གནངམ་ལས་ གཡུས་སྐད་ལས་རྟ་དྲངས་ཏེ་ ཀྲོང་གསར་རྫོང་ཟེར་དར་ཏེ་ཡོད། དེ་བསྒང་བླམ་ཞབས་དྲུང་རིན་པོ་ཆེ་གིས་ཤར་ཕྱོགས་ཀྱི་རྒྱལ་ཕྲན་དབང་དུ་བསྡུ་ནི་གི་དགོངས་བཞེད་སྦོམ་ཡོད་མི་འདི་ མང་སྡེ་སྤྱི་བླ་མི་འགྱུར་བརྟན་ཐོག་ལས་ ཤར་ཕྱོགས་ཀྱི་རྒྱལ་ཕྲན་གེ་ར་དབང་དུ་བསྡུ་ཞིན་ན་ ཤར་ཕྱོགས་ཁ་ཐུག་ལུ་རྫོང་དྲུག་བཞེངས་ཏེ་རྒྱལ་ཁབ་ལུ་ཕན་ཐོགས་པའི་ཕྱག་ལཱ སྦོམ་ཤོས་ཅིག་ རྫོང་གཞིས་འདི་ནང་ལས་མཛད་གནང་ནུག་ ཤུལ་ལས་ཡང་དཔོན་སློབ་ཚུ་གི་བར་ན་ དབང་ཚད་ཀྱི་སྐོར་ལས་མ་འགྲིགས་པར་ དམག་རྐྱབ་རྐྱབ་ས་ཨིན་རུང་ཀྲོང་གསར་དཔོན་སློབ་ལུ་ དཔོན་སློབ་གཞན་ཚུ་གིས་གླགས་མ་ཁེལ་བ་ ཀྲོང་གསར་དཔོན་གྱིས་རྒྱལ་ཁ་ཐོབ་ལས་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོ་ དང་པ་མཛད་མི་ཡང་ཀྲོང་གསར་རྫོང་ནང་ལས་བྱོན་ནུག་ དེ་འབད་ནི་འདི་གིས་ འབྲུག་རྒྱལ་རབས་ནང་ལུ་ རྫོང་གཞིས་འདི་གལ་ཆེ་ཏོག་ཏོ་ཅིག་འབད་བརྩི་ཁུངས་གནངམ་ཨིན་ནོ།།[]

ཀྲོང་གསར་པའི་གཡུས་འདི་ལུ་ཡོངས་གྲགས་ལུ་མང་སྡེ་ཟེར་ཡང་སླབ་དོ་ཡོདཔ་ཨིན།དེ་ཡང་དུས་རབས་བརྒྱད་པའི་ནང་། ཨོ་རྒྱན་རིན་པོ་ཆེ་ད་ལྟོ་རྫོང་ཡོད་པའི་ས་གནས་ཁར་བྱོན་ཏེ་བྱིན་གྱིས་བརླབས་གནང་བ་དང་འབྲེལ། མ་འོངས་པར་གསང་བསྔགས་ཀྱི་བསྟན་པ་དར་ཞིང་རྒྱས་ཤིང་ཆོས་ཀྱི་རྒྱལ་པོ་འབྱོན་ནིའི་ལུང་བསྟན་ཡང་གནང་ནུག་ དེའི་ཤུལ་ལས་སྤྱི་ལོ་༡༣༥༧ལུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཆོག་ཀྲོང་གསར་ཤེས་རབ་གླིང་ཟེར་བའི་ས་གནས་ཁར་བྱོན་ཏེ་བཀའ་ཆོས་གསུངས་པའི་འབུལ་བ་སྦེ། མི་སེར་འདི་ཚུ་གིས་འབྲུ་སྣ་ལེ་ཤ་ཕུལ་ནི་འདི་གི། རིན་པོ་ཆེ་ཐུགས་དགྱེས་ཏེ། ང་ལ་འབྲུ་མང་དུ་འདེགས་པས་ན་མང་སྡེག་ཟེར་ལུང་པའི་མཚན་ལུ་ཡང་དེ་སྤེ་བཏགས་གནང་མི་འདི་ཤུལ་ལས་སྒྲ་འགྱུར་ཏེ་མང་སྡེག་ཟེར་སོང་ཡོདཔ་ཨིན། ལྷག་པར་དུ། ཀུན་མཁྱེན་མཆོག་གི་བྱིན་བརླབས་ཀྱིས། ད་རེས་རྫོང་འདི་ནང་དཀར་རྙིང་ཟུང་འབྲེལ་གྱི་བསྟན་པ་དར་འདི་ཡོདཔ་ཨིན།[]




  1. 978-99980-35-21-8
  2. ཀྲོང་གསར་རྫོང་ཁག་སྨོན་ལམ་ཆེན་མོ།
"https://dz.wikipedia.org/w/index.php?title=ཀྲོང་གསར་&oldid=32784" ལས་ སླར་འདྲེན་འབད་ཡོདཔ།